རྒྱ་ནག་གི་བདེ་སྲུང་བློན་ཆེན་ལ་བོད་མིའི་ངོ་རྒོལ།

ཟླ་འདིའི་ཚེས་༢ ཉིན་ལྡི་ལི་བོད་དོན་ལས་འགུལ་བ་ཁག་ཅིག་གིས་རྒྱ་ནག་གི་བདེ་སྲུང་བློན་ཆེན་རྒྱ་གར་ལ་འབྱོར་བར་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།

དེ་ཡང་ཟླ་འདི་འདིའི་ཚེས་༢ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། དྷ་ས་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག རྒྱ་ནག་གི་བདེ་སྲུང་བློན་ཆེན་ལེང་ ཀོང་ལེ་དང་བོད་རང་སྐྱོང་ལྗོངས་དམག་ཁུལ་ཁང་གི་དམག་སྤྱི་ཡཱང་ཅིན་ཧྲན་གཉིས་ རྒྱ་གར་ནང་འབྱོར་བར་བོད་དོན་ལས་འགུལ་བ་ཁག་ཅིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་རྟེན་གཞི་ བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སྤེལ་ཡོད་ལ།   ཁོང་ཚོའི་ལག་ཏུ་བཟུང་བའི་འཕྲེད་དར་དང་ཤོག་བྱང་གི་ཐོག་ཏུ་“བོད་མི་༥༡ གིས་རང་ལུས་མེར་བསྲེགས་བཏང་ཡོད།   རང་བཙན་གྱི་ཆེད་དུ་བོད་མི་ཚོས་རང་སྲོག་བློས་གཏོང་བྱེད་ཀྱི་ ཡོད།  བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན”ཞེས་པའི་འབོད་ཚིག་སོགས་བཀོད་འདུག་ལ།  ལས་འགུལ་གྱི་བརྒྱུད་རིམ་ཁྲོད་དུ་ཁོང་ཚོས་རྒྱ་ནག་གི་སྐར་ལྔའི་དར་དམར་དེ་ཡང་མེ་ལ་བསྒྲོན་ཡོད་པ་རེད།

“བོད་པའི་དཀའ་རྙོག་གཙང་སེལ་མ་བཟོས་བར་དུ་རྒྱ་དཀར་ནག་གཉིས་དབར་གྱི་གྲོས་མོལ་དེ་དུས་ནམ་ཡང་ལམ་ལྷོང་དང་གྲུབ་འབྲས་སོན་ཐབས་མེད་ལ།  རྒྱ་ནག་གིས་བོད་ཧམ་བཟུང་བྱས་པ་ནས་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་དུ་ག་དུས་ཡིན་ཡང་དཀའ་ངལ་དང་ཉེན་ཁ་འཕྲད་ཀྱིན་ཡོད་པ་མ་ཟད།  རྒྱ་གར་རྒྱལ་ཁབ་ཆེན་པོའི་འཐུང་ཆུ་གཙོས་གནད་དོན་མང་པོ་ ཞིག་གི་ཐོག་ལ་རྒྱ་ནག་གཞུང་གིས་ག་དུས་ཡིན་ཡང་སུན་གཙེར་བཟོ་ཡི་ཡོད།” ཅེས་རྡ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་ལགས་ཀྱི་བརྗོད་སོང་།

“ང་ཚོས་དེ་རིང་འདིར་རྒྱ་གར་གཞུང་ཡང་འཛམ་གླིང་གི་སྲིད་གཞུང་ཚང་མ་དང་ལྷན་དུ་ལངས་ནས་ཁྱབ་རྒྱ་ཆེ་ལ།  ནུས་ཤུགས་ལྡན་པའི་རྒྱལ་སྤྱིའི་རང་བཞིན་གྱི་དཔུང་སྡེ་ཆེན་པོ་ཞིག་བསྐྲུན་ཏེ་རྒྱ་ནག་གཞུང་ལ་གནོན་ཤུགས་འཕར་མ་སྤྲད་པའི་ཐོག་ད་ལྟའི་བོད་ནང་གི་རྒྱ་གཞུང་གི་ཆེས་སྡུག་རྩུབ་ཀྱི་སྲིད་ཇུས་དེ་བསྒྱུར་བཅོས་མི་གཏོང་ཐབས་མེད་ཆགས་ཏུ་འཇུག་པའི་འབོད་སྐུལ་ཞུ་བཞིན་ཡོད་” ཅེས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་ཡོངས་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བརྗོད་སོང་།  ཁོས་ད་དུང་མུ་མཐུད་ནས་“རྒྱ་ནག་གཞུང་གིས་བོད་ནང་དུ་ཆེས་ཡ་ང་བའི་སྡུག་རྩུབ་ཀྱི་སྲིད་ཇུས་འདྲ་མིན་སྤེལ་གྱིན་པའི་དུས་སྐབས་འདིར།  འཛམ་གླིང་གི་རྒྱལ་ཁབ་དང་ཚོགས་སྤྱི་ཁག་གིས་མིག་ཟུང་བཙུམས་ཤིང་རྣ་བ་བཀབས་ནས་སྡོད་ཐབས་གཏན་ནས་མེད་ལ།  ང་ཚོས་རྒྱ་ནག་གི་བདེ་སྲུང་བློན་ཆེན་དེ་རིང་རྒྱ་གར་དུ་འབྱོར་བར་འཆར་གཞི་དང་འཐབ་ཇུས་ལྡན་པའི་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་ཞིག་བང་བསྒྲིགས་ནས་བཞག་ཡོད”་ཅེས་བརྗོད་སོང་།

མི་འགྱངས་པར་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་དུ་བོད་དོན་ལས་འགུལ་བ་དང་རྒྱབ་སྐྱོར་བ་ཚོས་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ཕྱི་སྲིད་བློན་ཆེན་དག་གི་ངོས་ནས་སླེབས་ལ་ཉེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་བོད་དོན་ཐོག་མཉམ་རུབ་ཀྱི་རྒྱབ་སྐྱོར་ཡོང་བར་དམིགས་ཏེ་ཕྱི་ཟླ་༩ པའི་ཚེས་༥ ཉིན་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཉིན་མོ་ཁྲོད་མཉམ་ཞུགས་བྱས་ནས་དོན་ནུས་ལྡན་པའི་ཚ་ཚ་འུར་འུར་གྱི་ལས་འགུལ་སྣ་མང་སྤེལ་འཆར་ཡོད་པ་ཡོད་པ་རེད། གཞུང་གི་འབྲེལ་ཡོད་སོ་སོར་བོད་སྐྱོབ་རེ་འབོད་ཀྱི་ཡི་གེ་བཏང་ཡོད་པ་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།