༧གོང་ས་མཆོག་གི་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད།
དེ་རིང་ཞོགས་པར་༧གོང་ས་མཆོག་གིས་སང་གྷ་པུར་གཙོས་པའི་ཤར་གླིང་ཨེ་ཤི་ཡའི་ཆོས་ཞུ་བ་༤༠༠ ཙམ་དང་། གཞན་ཡང་ཕྱི་རྒྱལ་ཁག་དང་། བོད་ནས་གསར་དུ་འབྱོར་བ། ས་གནས་སེར་སྐྱ་མི་མང་བཅས་ལ་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་གནང་འགོ་བརྩམས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༤ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ ། ༣༠ ཀྱི་སྟེང་། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་དུ། སང་གྷ་པུར་གཙོས་པའི་ཤར་གླིང་ཨེ་ཤི་ཡའི་ཆོས་ཞུ་བ་༤༠༠ ཙམ། དབྱིན་ཇིའི་ཆོས་ཞུ་བ་༩༠༠། རྒྱ་ནག་སྐམ་ས་ཆེན་མོ་ནས་ཆོས་ཞུ་བ་༣༠། གཞན་ཡང་ཕྱི་རྒྱལ་ཁག་དང་། བོད་ནས་གསར་དུ་འབྱོར་བ། ས་གནས་སྐྱ་སེར་མི་མང་བཅས་ལ་༧གོང་ས་མཆོག་གིས་ལོ་སྔོན་མའི་གསུང་འཕྲོ་སྟེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ལེའུ་ལྔ་པ་ནས་མུ་མཐུད་བཀའ་ཁྲིད་གནང་སོང་ལ། ཐོག་མར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་ཚོས་སྤྱན་རྒྱ་སྤོེ་སྣེས་མདུན་བསུས་ཏེ། ༧གོང་ས་མཆོག་བཞུགས་ཁྲིར་ཞབས་སོར་འཁོད་དེ་དད་ལྡན་མི་མང་ཚོར་ཆོས་འབྲེལ་གནང་སྐབས།
རྩ་བས་སངས་རྒྱས་པའི་ཆོས་དེ་ལོ་༢༦༠༠ སྔོན་ནས་སངས་རྒྱས་བཅོན་ལྡན་འདས་རྒྱ་གར་དུ་ཕེབས་ནས་རིམ་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ནང་ནས་བྱུང་པ་ཞིག་ཡིན་སྐོར་དང་འབྲེལ་གསུངས་དོན། “དེ་རིང་འདིར་སངས་རྒྱས་པའི་ཆོས་འགྲེལ་བཤད་རྒྱུ་དེ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ལེའུ་བཞི་དེ་ལོ་སྔོན་མ་ནས་ཚར་པ་རེད། ད་དེ་རིང་འདིར་ལེའུ་ལྔ་པ་ནས་བཤད་རྒྱུ་ཡིན། ཁྱེད་རང་ཚོ་མི་གསར་པ་ཡང་མང་པོ་ཞིག་སླེབས་བསྡད་ཡོད་རེད། དེར་བརྟེན། སྔོན་ལ་ངས་སྤྱི་བཤད་ཅིག་ནམ་རྒྱུན་འཆར་ཅན་རྒྱག་གི་ཡོད་རེད་ལ། དེ་ཡང་གནད་འགག་ཅིག་འདུག ད་ལྟ་དུས་རབས་༢༡ པའི་ནང་ལ་སླེབས་བསྡད་ཡོད་རེད། འདས་པའི་ལོ་སྟོང་ཕྲག་གཉིས་གསུམ་གྱི་གོང་ལ་བྱུང་བའི་ཆོས་བརྒྱུད་མང་པོ་ཞིག དུས་ད་ལྟ་ཡིན་ན་ཡང་འཛམ་གླིང་འདིའི་སྒང་གི་མི་མང་པོ་ཞིག་གི་སེམས་ཀྱི་རེ་བ་བཅོལ་ས་ཆགས་ཡོད་རེད། ཆོས་ཟེར་བ་དེ་མི་ལ་དཀའ་ངལ་འཕྲད་ནས་སོ་སོས་ཐབས་ཤེས་འདྲ་བོ་མ་ཐོན་ནས་ཛ་དྲག་གི་གནས་སྟངས་བྱུང་པའི་སྐབས་ལ་རེ་བ་བཅོལ་ས་ལྟ་བུ་ཡོང་གི་ཡོད་རེད། དེར་བརྟེན། ཆོས་ལུགས་ཚོའི་ནང་ལ་རང་ལས་ནུས་པ་ཆེ་བའི་སྐྱབས་གནས་ཟེར་བ་ཞིག་བརྩིས་ནས། སོ་སོའི་བློ་གཏད་སའི་ཡུལ་ལྷ་གཞི་བདག་ཟེར་བ་དང་། ལྷ་གསོ་བ་དེ་འདྲ་ཡོང་གི་ཡོད་རེད། སོ་སོ་ལ་དཀའ་ངལ་འཕྲད་སྐབས་དེ་ཚོར་བློ་བཅོལ་ནས་དེས་སྐྱབས་ཀྱི་རེད་ཟེར་བ་དེ་འདྲ་ཡོང་གི་ཡོད་རེད་”ཅེས་གསུངས་སོང་།
ཡང་ཁོང་གིས་མུ་མཐུད་རྩ་བས་འཛམ་གླིང་འདིའི་སྒང་ལ་ཆོས་ཁས་ལེན་མཁན་དང་མི་ལེན་མཁན། དེ་གཉིས་གང་གི་ཡང་ཁོངས་སུ་མི་གཏོགས་པའི་བཏང་སྙོམས་པ་རིགས་གསུམ་ཡོད་པ་ལས། ཆོས་ཁས་བླངས་པ་ཡིན་ན་སོ་སོའི་མི་ཚེ་ནང་དཀའ་ངལ་མང་པོ་ཞིག་ལ་གཞན་དང་མི་འདྲ་བར་གདོང་ལེན་བྱེད་ཐུབ་ཀྱི་ཡོད་སྐོར་དང་། བྱམས་པ་དང་བརྩེ་བ་དེ་རྒྱུད་ལ་ཡོད་པ་ཡིན་ན་རང་གཞན་གཉིས་ཀར་ཕན་ཐོགས་ཡོད་སྐོར། དེ་ནང་བཞིན་ཆོས་ཟེར་བ་དེ་དོན་ངོ་མར་བདེ་སྐྱིད་སྒྲུབ་ཐབས་ཡག་ཤོས་ཡིན་སྐོར་སོགས་གསུངས་སོང་།