ཆོས་ཁས་ལེན་མཁན་དང་གུང་ཁྲན་གྱི་མཚན་སྨད་ཁ་ཁ་རེད།
ཟླ་འདིའི་ཚེས་༦ ཉིན་གྱི་ཕྱི་དྲོ་དྷ་ས་བྷག་སུ་གསོལ་མགྲོན་ཁང་དུ་ངྷ་སའི་ཚོགས་སྐྱིད་མཉམ་འབྲེལ་མཐུན་ཚོགས་ཞེས་པས་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཡོད་ན། དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཁྲིམས་སར་འགྲོ་དགོས་ཀྱང་མཐའ་འཁྱོངས་བྱ་རྒྱུ་ཡིན་སྐོར་བསྒྲགས་སོང་།
གསར་འགོད་གསལ་བསྒྲགས་ཐོག་ཚོགས་སྐྱིད་བཅུ་གཅིག་གི་སྐུ་ཚབ་རྣམས་ཕེབས་ཏེ། ཉིན་དེའི་གསལ་བསྒྲགས་ཐུབ་བསྟན་ལེགས་བཤད་ཀྱིས་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན། ༧གོང་ས་མཆོག་ནས་ཐུགས་ཕམ་ཆེན་པོས་༢༠༡༢ ཕྱི་ཟླ་ ༨ ཚེས་ ༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག་ “གཞོན་ནུ་ཚོགས་པ་དང་མི་སྒེར་ཁ་ཤས་ཀྱིས། ད་ཆ་བོད་གཞུང་ཕྱིར་བསྡུ་བྱས་ཏེ་བོད་གཞུང་མེད་པ་ཆགས་པ་རེད་ཅེས་ཧ་ཅང་སྐད་ལོག་བརྒྱབ་ཡོད་” ཅེས་གསུངས་ཡོད་པ་ལུང་འདྲེན་བྱས་འདུག་ལ། ཚང་མས་མཁྱེན་གསལ་བཞིན་༧གོང་ས་ཆེན་པོ་རྒྱ་གར་གྱི་དམིགས་བསལ་སྐུ་མགྲོན་ཡིན་པ་དང་། ཁོང་གི་མཚན་གནས་རྗེས་འབྲེལ་གྱིས་ད་བར་བོད་མིའི་སྒྲིག་འཛུགས་འདི་བཞིན་༧གོང་ས་མཆོག་གི་སྒྲིག་འཛུགས་ཤིག་གི་རྣམ་པའི་ཐོག་གནས་པ་གསལ་པོ་ཡིན་པ་དང་། སྔ་ལོར་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ཆབ་སྲིད་འགན་དབང་ཡོངས་རྫོགས་དང་། ཁྲིམས་མཐུན་གྱི་རྒྱུན་རྩིས་སྤྲོད་གནང་སྟེ་ཐ་སྙད་ཙམ་དང་དགོས་དབང་གིས་དབུས་བོད་མིའི་སྒྲིག་འཛུགས་ཞེས་མིང་བསྒྱུར་བྱས་ཡོད་ནའང་། དེ་ཤེས་བཞིན་དུ་ཁྱད་གསོད་ཀྱིས་༧གོང་ས་མཆོག་གིས་བོད་གཞུང་མེད་པ་བཟོས་ཚུལ་སོགས་ཀྱི་དཀྲོག་གཏམ་ཕྱི་ནང་གང་སར་བཀྲམས་པ་ནི། ཆོལ་གསུམ་ཆིག་སྒྲིལ་གྱི་གཞི་རྩར་གས་ཆག་གཏོང་བྱེད་ཙམ་དུ་མ་ཟད། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བ་གཏིང་ཟབ་ཡོད་པས་ཧ་ཅང་བློ་ཕམ་ཆེན་པོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་ནང་འཁོད་འདུག
དེ་
གསར་འགོད་གསལ་བསྒྲགས་དེའི་ཐོག་བཅར་བའི་གསར་འགོད་པ་རྣམས་ཀྱིས་དྲི་བ་བཏང་བ་ཁག་ཅིག་གི་ལན།
གསར་འགོད་པས། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་བྱུང་ན་ངོ་རྒོལ་བྱེད་ཀྱི་ཡིན་གསུངས་དུས། དེ་སྔོན་མ་བྱུང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ།
ཚོགས་སྐྱིད་སྐུ་ཚབ་ཐུབ་བསྟན་ལེགས་བཤད་ཀྱིས། གསར་འགྱུར་ནང་ཡིན་ནའང་རེད། དྲ་ལམ་དུ་གསང་མིང་ཅན་ཡིན་ནའང་རེད། ༧སྐུ་མདུན་ལ་མཚན་སྨད་ཞུ་མཁན་བྱུང་ན། ང་ཚོས་ངོ་རྒོལ་ཡོད་ལ། དྲ་ལམ་བརྒྱུད་ང་ཚོས་རྩད་གཅོད་བྱས་ཏེ། རྒྱ་གར་གཞུང་ལ་གཏུག་དགོས་ནའང་རེད། ཁྲིམས་ལ་གཏུག་དགོས་ནའང་རེད། གཏུག་ན་མ་གཏོགས་ང་ཚོས་འཇོག་ཐུབ་ཀྱི་མ་རེད། དེ་སྔོན་༧སྐུ་མདུན་དགོངས་པ་ཚོམས་པ་མང་པོ་འབྱུང་གི་ཡོད་པ་རེད། ཡིན་ནའང་ད་ཐེངས་བཞིན་ཐུགས་ཕམ་ཆེན་པོའི་ཐོག་ནས་གསུངས་དགོས་པ་དང་པོ་རེད།
གསར་འགོད་པས། ཁྱེད་ཚོས་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཡོད་ན། མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡིན་གསུངས་ཀྱི་འདུག ཡིན་ནའང་གཞོན་ནུ་ཚོགས་པ་དང་མི་སྒེར་ཁག་ཅིག་ཡིན་ནའང་རེད། དེ་ལས་ལྷག་རྒྱ་ནག་གིས་༧གོང་ས་མཆོག་ལ་མཚན་སྨད་དང་། བོད་མིའི་སྒྲིག་འཛུགས་ལ་ཕྱོགས་ཡོངས་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། དེ་ཚོ་ཁྲིམས་གཏུག་སོགས་ལས་འགུལ་ག་རེ་སྤེལ་རྩིས་ཡོད།
ཚོགས་སྐྱིད་སྐུ་ཚབ་ཐུབ་བསྟན་ལེགས་བཤད་ཀྱིས། རྒྱ་མིས་མཚན་སྨད་ཞུ་ཡི་རེད། ང་ཚོའི་ཁ་གཏད་རེད། ང་ཚོ་བོད་ཆོས་ལྡན་ཞིང་ཁམས་སུ་སྐྱེས་པ་དང་། ཆོས་ཁས་ལེན་མཁན་མི་ཞིག་གིས་༧རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུས་པ་དང་། རྒྱ་མི་གུང་ཁྲན་གྱིས་མཚན་སྨད་ཞུས་པ་ཁ་ཁ་རེད། ཁོང་ཚོ་ཆོས་མེད་སྨྲ་བ་རེད། ང་ཚོས་ཁ་ཕར་མ་བསློགས་པར། ཁ་ནང་ལ་ལོག་ནས་བྱེད་ཀྱི་འདུག
གསར་འགོད་པས། སྐྱབས་མགོན་རིན་པོ་ཆེས་བཙན་བྱོལ་བོད་གཞུང་མེད་པ་བཟོས་པ་རེད་ཅེས་སུས་བཤད་པ་རེད། གང་དུ་དང་ག་དུས་རེད།
ཚོགས་སྐྱིད་སྐུ་ཚབ་ཐུབ་བསྟན་ལེགས་བཤད་ཀྱིས། བཙན་བྱོལ་གཞུང་མེད་པ་བཟོས་སོང་ཟེར་བ་དེ་༧སྐུ་མདུན་གྱི་བཀའ་སློབ་ལུང་འདྲེན་བྱས་པ་ཡིན། ༧སྐུ་མདུན་གྱི་གསུང་བཤད་ནང་ཡོད་པ་རེད།
གསར་འགོད་པས། ༧སྐུ་མདུན་གྱིས་མ་གསུངས་སྔོན་བཤད་མཁན་ཞིག་ཡོད་ཀྱི་རེད། དེ་སུ་དང་ག་དུས་རེད།
ཚོགས་སྐྱིད་སྐུ་ཚབ་ཐུབ་བསྟན་ལེགས་བཤད་ཀྱིས། དེ་ངེད་གཉིས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ལ་བཀའ་འདྲི་ཞུ་རྒྱུ་རེད། མ་གཏོགས་༧སྐུ་མདུན་གྱི་གསུང་ལུང་འདྲེན་རེད།
ཚོགས་སྐྱིད་སྐུ་ཚབ་ཆོས་འཕེལ་གྱིས། ལ་དྭགས་སུ་༧གོང་ས་མཆོག་གིས་མ་གསུངས་བར་སུ་ལ་དོ་སྣང་བྱུང་མེད་པ་རེད། ཕལ་ཆེར་ཧ་གོ་ཡོད་ས་མ་རེད། ༧གོང་ས་མཆོག་གིས་བཀའ་སློབ་གནང་བ་ང་ཚོར་དོ་སྣང་བྱུང་བ་རེད། ང་ཚོ་ནང་ཁུལ་ཡག་པོ་མ་བྱས་ན། ཁྱད་མཚར་ཡོང་མི་སྲིད་པ་མ་རེད། གྱོང་མཇུག་ཏུ་རག་ཡོང་གསུངས་སོང་ཨ། ༧གོང་ས་མཆོག་གིས་བཀའ་གནང་བ་རེད།
ཚོགས་སྐྱིད་སྐུ་ཚབ་བསྟན་པའི་དངོས་གྲུབ་ཀྱིས། མི་སུ་ཡིན་སྒེར་པའི་མིང་འདོན་མ་དགོས་པའི་ཐོག་ནས། ན་ནིང་སྲིད་དབང་མར་གནང་གི་ཡིན་གསུངས་སྐབས། དྷ་ས་ཉིན་མོའི་སློབ་གྲྭ་ནས་མི་གཉིས་གསུམ་གྱིས་ག་འདྲ་གསུངས་སོང་། གསར་འགོད་པ་ཚང་མས་གསན་ཡོད་པ་རེད། བོད་གཞུང་བསྡུ་གསོག་བརྒྱབ་པ་རེད། སང་ཉིན་ནས་དཔྱ་ཁྲལ་སྤྲད་ཀྱི་མིན་གསུངས་པ་རེད། དེ་ཚོར་དོ་སྣང་བྱས་བསྡད་ཡོད།
གསར་འགོད་པས། ཁྱེད་རང་ཚོར་༧གོང་ས་མཆོག་ལ་མཚན་སྨ་ཞུ་མཁན་རེད་ཟེར་བ་དེ་ཚོར་བསམ་བློ་གཏོང་སྟངས་ཤིག་ཡོད་ཀྱི་རེད། གསལ་བསྒྲགས་མ་སྤེལ་བའི་སྔོན་དུ། གཞོན་ལྷན་ཚོགས་པ་ཡིན་ནའང་རེད། མི་སྒེར་ཡིན་ནའང་རེད། ཁོང་ཚོར་ནང་ཁུལ་འབྲེལ་བ་བྱེད་རྒྱུ་མ་བྱུང་ངམ། ཁོང་ཚོར་ལན་ཞིག་ཡོད་ཀྱི་རེད།
ཚོགས་སྐྱིད་སྐུ་ཚབ་བློ་བཟང་ཆོས་འབྱོར་གྱིས། མི་ཁ་ཤས་ཀྱིས་ཤེས་བཞིན་དུ་ཁྱད་གསོད་དང་། ༧རྒྱལ་རིན་པོ་ཆེ་ལ་ཁྱེད་རང་གིས་དགའ་ལྡན་ཕོ་བྲང་གི་སྲིད་དབང་རྩིས་སྤྲོད་ཀྱི་ཡིན་ཟེར་བ་དང་། དེ་ཚོ་ཅང་མ་རེད། ཁྱེད་རང་མ་ཤི་གོང་ལ་ཤུལ་དུ་དབུ་མའི་ལམ་དེ་ཚོ་གཙང་མ་བཟོས་ན་ཡག་གི་མ་རེད་དམ་ཞེས་གཅིག་གི་རྗེས་ལ་གཉིས་ཡོང་གི་ཡོད་པ་རེད། ང་ཚོས་དེ་ཚོར་ངོ་ལེན་མེ་དང་། ཁོངས་ལུང་རྩལ་བྲལ་ཡིན་པ་དེ་ཡོངས་གྲགས་བྱེད་ཆེད་དུ། ང་ཚོ་མཉམ་དུ་གྲོས་བསྡུར་བྱས་མ་བྱས་དེ་དོན་དག་གཞན་པ་རེད། སྤྱིར་བཏང་སྒྲིག་འཛུགས་ཐོག་ནས་ཞུས་ན་ད་ལྟ་དེ་གསལ་པོ་ཤེས་དགོས་པ་ཡོད་པ་མ་རེད་བསམ་གྱི་འདུག །
གསར་འགོད་གསལ་བསྒྲགས་དེའི་ཐོག་དྲི་བ་གཏོང་མཁན་མང་པོ་བྱུང་སོང་་ལ། ཚོགས་སྐྱིད་སྐུ་ཚབ་ཁག་ཅིག་གིས་ཚོགས་པའི་མིང་ཐོག་ནས་མི་སྒེར་པ་མིང་འདོན་བྱེད་རྒྱུ་བདེ་པོ་མེད་སྐོར་དང་། ཟུར་དུ་ང་སྒེར་ལ་སྐད་ཆ་འདྲི་མཁན་ཡོད་ན། མི་རེ་རེ་བཞིན་མིང་འདོན་བྱེད་རྒྱུ་ཡིན་སྐོར་བརྗོད་མཁན་ཡང་བྱུང་སོང་། ༧རྒྱལ་བ་རིན་པོ་ཆེས་བོད་གཞུང་ཕྱིར་བསྡུ་གནང་བ་དེ་ཚོ་བོད་མི་མང་གིས་མཁྱེན་གྱི་ཡོད་པ་རེད། དགོས་པའི་དབང་གིས་གནང་བ་ཡིན་པ་མཁྱེན་གྱི་ཡོད་པ་རེད་ཅེས་ལན་འདེབས་བྱེད་མཁན་ཡང་འདུག །