བོད་ནང་དང་བསྡུར་ན་ཐའེ་ཝན་ནང་རང་དབང་ཡོད།
དེ་རིང་ཞོགས་པར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་། ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་གཉིས་ཀྱིས། ཐའེ་ཝན་མི་རིགས་དང་བོད་མི་རིགས་གཉིས་ཀྱི་དཀའ་ངལ་གཅིག་པ་ཡིན་པས། མི་རིགས་གཉིས་མཉམ་འབྲེལ་གྱིས་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་དྷ་སར་བསྒྲགས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༧ ཉིན་གྱི་སྔ་དྲོ་ཆུ་ཚོད་༩། ༣༠ སྟེང་། དྷ་སའི་མེག་གྷན་དུ་ཡོད་པའི་བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་ཚོགས་ཁང་དུ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་། ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་གཉིས་ཀྱིས་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་གསལ་བསྒྲགས་དེ་བོད་ཡིག་ཐོག་སྒྲོགས་སྦྱང་དང་། ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་མགྲིན་ཚབ་པ་ལྕམ་ཡང་ཡི་ཧྥིན་གྱིས་རྒྱ་ཡིག་ཐོག་སྒྲོགས་སྦྱང་བྱས་སོང་།
གསལ་བསྒྲགས་དེའི་ནང་འཁོད་དོན། ༡། གོང་གསལ་ཚོགས་པ་གཉིས་ཀྱི་ངོས་ནས་བོད་ནང་རང་ལུས་མེར་བསྲེགས་བསྟུན་མར་བྱུང་བཞིན་པའི་ཛ་དྲག་གནས་སྟངས་སྐོར་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལས་རིམ་གོ་སྒྲིག་དང་། བསམ་ཚུལ་བརྗེ་ལེན་བྱུང་ཡོད།
༢། ༡༩༤༩ ལོར་གོ་མིན་ཏང་རྒྱ་ནག་སྐམ་སར་དམག་ཕམ་བྱུང་རྗེས། ཐའེ་ཝན་ལ་སྲིད་བྱོལ་སྐབས་མི་མང་ལ་དྲག་གནོན་བྱས་སྟེ་གཉིས་ཉེར་བརྒྱད་ (༡༩༤༧།༢། ༢༨ )ཀྱི་དོན་རྐྱེན་བྱུང་ཡོད། ཐེངས་འདིར་ཉི་ཧོང་ཏོང་ཅིན་སློབ་ཆེན་གྱི་འབུམ་རམས་པ་དང་། ཐའེ་ཝན་སློབ་དཔོན་ཆེན་མོ་མཐུན་ཚོགས་ཀྱི་གཙོ་འཛིན། རྒྱལ་དོན་ལོ་རྒྱུས་ཞིབ་འཇུག་ཁང་གི་གཙོ་འཛིན་ཟུར་པ་བཅས་གནང་མྱོང་བའི། སྐུ་ཞབས་ཀྲྭང་ཡོན་ཞོན་ ཀྱིས་རྩོམ་སྒྲིག་གཙོ་བོའི་འགན་ཁུར་ཏེ། གཉིས་ཉེར་བརྒྱད་ཀྱི་དོན་རྐྱེན་ནང་བཙོན་འཇུག་བྱས་པའི་མི་སྣའི་ལོ་རྒྱུས་དེབ་ཕྲེང་བཅུ། ཁོང་སྐུ་དངོས་སུ་འདིར་ཕེབས་ནས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པར་དཔར་ཕུད་དུ་གནང་ཡོད་པ་དང་འབྲེལ། ཕྱོགས་གཉིས་ནས་བརྩོན་པའི་ལོ་རྒྱུས་འབྲི་བཀོད་ཐད་ཀྱི་ཉམས་མྱོང་ལེགས་ཆ་བརྗེ་ལེན་བྱས་ཤིང་། ངེད་ཚོགས་པའི་ངོས་ནས་ཀྱང་ཕྱི་ལོ་༡༩༤༩ ལོར་བོད་ས་ཤོར་ནས་ད་བར་རྒྱའི་བཙོན་ཁང་དུ་བཅུག་པའི། བཙོན་པ་འདས་གསོན་རྣམས་ཀྱི་མི་ཚེའི་ལོ་རྒྱུས་དེབ་ཕྲེང་བཅུ་གོང་གསལ་ཞིབ་འཇུག་ཁང་ལ་བོད་ཀྱི་བཙོན་པའི་གནས་སྟངས་ལ་ཐུགས་ཁུར་དང་། ཞིབ་འཇུག་ཡོང་ཆེད་ཕུལ་ཡོད།
ཡང་གསལ་བསྒྲགས་དེའི་ནང་མུ་མཐུད་འཁོད་དོན། ༣། གོང་གསལ་ཚོགས་པ་གཉིས་ཀྱིས་ཐའེ་ཝན་རང་བཙན་དང་། བོད་རང་བཙན་དབར་གྱི་མནའ་མཐུན་སྒྲིག་འཛུགས་སྲ་བརྟན་གཏོང་རྒྱུའི་མཚོན་དོན་དུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་མཉམ་བསྒྲེངས་དང་། ཕྱིས་འབྱུང་ལས་འགུལ་སྤེལ་ཕྱོགས་ཐད་གསལ་བསྒྲགས་ཞུས་པ་ཡིན་ཞེས་འཁོད་འདུག
གཞན་ཡང་གསལ་འགོད་གསར་བསྒྲགས་དེའི་སྟེང་། ཐའེ་ཝན་རང་བཙན་དང་། བོད་རང་བཙན་དབར་གྱི་མནའ་མཐུན་སྒྲིག་འཛུགས་སྲ་བརྟན་གཏོང་རྒྱུའི་མཚོན་དོན་དུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་མཉམ་བསྒྲེངས་དང་། སྐུ་ཞབས་ཀྲྭང་ཡོན་ཞོན་གྱི་རྩོམ་སྒྲིག་བྱས་པའི་གཉིས་ཉེར་བརྒྱད་ཀྱི་དོན་རྐྱེན་ནང་བཙོན་འཇུག་བྱས་པའི་མི་སྣའི་ལོ་རྒྱུས་དེབ་ཕྲེང་བཅུ་དང་། དགུ་བཅུ་གསུམ་ལས་འགུལ་ཚོགས་པས་རྩོམ་སྒྲིག་གིས། ཕྱི་ལོ་༡༩༤༩ ལོར་བོད་ས་ཤོར་ནས་ད་བར་རྒྱའི་བཙོན་ཁང་དུ་བཅུག་པའི་བཙོན་པ་འདས་གསོན་རྣམས་ཀྱི་མི་ཚེའི་ལོ་རྒྱུས་དེབ་ཕྲེང་བཅུ་འགྲེམ་སྟོན་གྱིས་ཚུལ་དུ་ཞལ་ཕྱེས་གནང་སོང་།
སྐུ་ཞབས་ཀྲྭང་ཡོན་ཞོན་གྱིས་༡༩༤༧ ལོར་གོ་མིན་ཏང་གིས་ཐའེ་ཝན་མི་མང་ལ་དྲག་གནོན་བྱས་པའི་བརྒྱུད་རིམ་དང་། སྐབས་དེར་ཐའེ་ཝན་མི་མང་གིས་གདོང་ལེན་བྱེད་ཕྱོགས་ངོ་སྤྲོད་དང་འབྲེལ། བོད་མི་རིགས་དང་། ཐའེ་ཝན་མི་རིགས་གཉིས་ཀྱི་དཀའ་ངལ་གཅིག་པ་ཡིན་སྐོར་དང་། མ་འོངས་པར་མི་རིགས་གཉིས་མཉམ་འབྲེལ་གྱིས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ལོ་རྒྱུས་ཤེས་པའི་ཐོག་ནས། ནུས་པ་མཉམ་དུ་སྤུངས་ནས་རྩ་དོན་འཐབ་རྩོད་རྒྱུན་འཁྱོངས་བྱ་དགོས་སྐོར་སོགས་བརྗོད་སོང་།
མཐར་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་མགྲིན་ཚབ་པ་ལྕམ་ཡང་ཡི་ཧྥིན་གྱིས། ཐའེ་ཝན་ནང་མང་གཙོ་དང་རང་དབང་ཤུགས་ཆེན་པོ་མེད་ན་ཡང་། བོད་ནང་དང་བསྡུར་ན་ཐའེ་ཝན་ནང་སྨྲ་བརྗོད་རང་སོགས་ཅུང་ཚད་མཐོན་པོ་ཡོད་པས། མ་འོངས་པར་ང་ཚོས་བོད་མི་རིགས་ཀྱི་མགྲིན་ཚབ་པ་བྱས་ནས། རྒྱལ་སྤྱིའི་སྟེང་བོད་དོན་ཁྱབ་བསྒྲགས་བྱེད་རྒྱུར་རོགས་པ་གང་ནུས་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།
ཐའེ་ཝན་བོད་རང་བཙན་ཚོགས་པའི་རྒྱུན་ལས་དང་ཚོགས་མི་ཁག་ཅིག་དྷ་སར་འབྱོར་ཏེ། ཉིན་༩ རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ལ་རྒྱུས་ལོན་བྱས་ཡོད་པ་རེད།