གཞོན་ལྷན་གྱི་ཟས་བཅད་ངོ་རྒོལ་མུ་མཐུད་འདུག
ཟླ་འདིའི་ཚེས་༣ ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་གསུམ་གྱིས་ལྡི་ལི་རུ་རྒྱ་གཞུང་ལ་ཟས་བཅད་ངོ་རྒོལ་བྱས་པ་རྒྱ་གར་གྱི་ཉེན་རྟོག་པས་བཀག་ཉར་བྱས་ཡོད་ནའང་། ཟླ་འདིའི་ཚེས་༧ ཉིན་མུ་མཐུད་ཟས་བཅད་བྱེད་བཞིན་འདུག
ཟླ་འདིའི་ཚེས་༣ ནས་༤ དང་༥ ལ་རྒྱ་ནག་གི་བདེ་སྲུང་བློན་ཆེན་ལྡིར་འབྱོར་ཡོད་པས། བདེ་འཇགས་ཆེད་ཟས་བཅད་ངོ་རྒོལ་བྱས་མི་ཆོག་སྐོར་བརྗོད་དེ། ཟས་བཅད་པ་རྣམས་བཀག་ཉར་བྱས་ཡོད་ནའང་། དབུས་རྒྱུན་གསུམ་གྱིས་བཀག་ཉར་ཁང་དུ་མུ་མཐུད་ཟས་བཅད་བྱས་ཡོད་པ་རེད།
ཟླ་འདིའི་ཚེས་༦ དགོང་མོ་ཁོང་གསུམ་བཀག་ཉར་ཁང་ནས་གློད་གྲོལ་བྱས་པ་དང་། མཚན་མོར་མཱ ་ཇན་ཊི་ལ་རུ་བསྡད་པ་དང་། ཟླ་འདིའི་ཚེས་༧ ཉིན་བསྐྱར་དུ་ལྡི་ལི་ཇཱན་ཏར་མ་དར་དུ་ཟས་བཅད་ངོ་རྒོལ་བྱས་ཡོད་པ་རེད། ཁོང་ཚོས་དུས་ཚད་ངེས་མེད་བར་དུ་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡིན་པ་དང་། ཆུ་རྐྱང་ལས་གང་ཡང་འཐུང་གི་མེད་པ་རེད།
དེའི་སྐོར་ལྡི་ལི་རུ་གཞོན་ལྷན་དབུས་རྒྱུན་དཀོན་མཆོག་ཡར་འཕེལ་ལ་ཁ་པར་བརྒྱུད་གནས་འདྲི་བྱས་པར། ཁོང་གིས། “ཁ་ཉིན་དང་པོ་ཟས་བཅད་པ་བཀག་ཉར་སྐབས་རྒྱ་ནག་གི་བདེ་སྲུང་བློན་ཆེན་ཡོང་གི་ཡོད་པས་རེད། དེ་རིང་ནས་ཉིན་མོར་ཟས་བཅད་ངོ་རྒོལ་བྱས་ཏེ་བསྡད་ཆོག་ཀྱང་། མཚན་མོ་མཚམས་འཇོག་དགོས་པ་རེད། དེ་ཡང་བོད་པ་གཅིག་པུ་མིན་པར་མཚན་མོ་ཟས་བཅད་ངོ་རྒོལ་བྱེད་མཁན་ཚང་མ་བཀག་གི་ཡོད་པ་རེད། རྒྱུ་མཚན་བདེ་འཇགས་ལ་འགན་ལེན་ཐུབ་ཀྱི་མ་རེད། ཁྲིམས་ཐོག་ནས་འགྲིག་གི་མ་རེད་ཟེར་གྱི་འདུག ཡིན་ཡང་ང་ཚོས་མུ་མཐུད་ཟས་བད་ངོ་རྒོལ་བྱེད་རྩིས་ཡོད་ལ། མཚན་མོར་མི་མང་ཡང་མང་པོ་འདིར་འཛོམས་ཀྱི་ཡོད། ཉེན་རྟོག་པས་བཀག་འགོག་བྱས་ན། ང་ཚོས་འབོད་སྐུལ་དང་རེ་བ་རྒྱག་རྒྱུ་གྲ་སྒྲིག་བྱེད་བཞིན་ཡོད”ཅེས་འགྲེལ་བརྗོད་བྱས་སོང་།
ཟས་བཅད་པའི་གཟུགས་པོའི་གནས་སྟངས་སྐོར་ཁོང་གིས་བརྗོད་དོན། “ཁོང་ཚོས་བཀག་ཉར་ཁང་དུ་ཡང་ཟས་བཅད་བྱས་པ་རེད། ཁ་སང་སྨན་ཞབས་ཞིག་གིས་བརྟག་དཔྱད་སྐབས། ཟས་བཅད་བྱས་ཏེ་དེ་རིང་ཉིན་ལྔ་པ་རེད་ལ། ཚོགས་གཞོན་དོན་གྲུབ་ལྷ་དར་གྱི་གཟུགས་པོའི་ལྗིད་ཚད་ཀི་ལོ་༧ མར་ཆག་འདུག རིག་གཞུང་འགན་འཛིན་འཇིགས་མེད་དང་། འཛིན་སྐྱོང་འགན་འཛིན་སྤེན་པ་གཉིས་ཀྱི་གཟུགས་པོའི་ལྗིད་ཚད་ཀི་ལོ་ལྔ་རེ་མར་ཆག་ཡོད་པ་དང་། འཇིགས་མེད་ཀྱི་ཁྲག་ཤེད་མཐོན་པོ་ཆགས་འདུག་”ཅེས་འགྲེལ་བརྗོད་བྱས་སོང་།།