སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་དར་སྤེལ་གླིང་དབུ་འབྱེད།
དེ་རིང་དགོང་དྲོ་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་ཞེས་པ། བཀའ་ཁྲི་བློ་བཟང་སེང་གེས་དབུ་འབྱེད་གནང་བ་དང་འབྲེལ། མ་འོངས་པར་བོད་མི་ཆེད་ལས་པ་གང་མང་ཞིག་གསོ་སྐྱོང་ཡོང་བའི་རེ་བ་ཡོད་ཅེས་གསུངས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༧ ཉིན་གྱི་དགོང་དྲོ་ཆུ་ཚོད་༦ པའི་སྟེང་། དྷ་ས་མེག་གྷན་པདྨ་ཐང་དུ་ཡོད་པའི་Club hous ཞེས་པའི་ཚོགས་ཁང་དུ། སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་དབུ་དབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་ལ། མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེས་གཙོའི། དམིགས་བསལ་སྐུ་མགྲོན་དོན་རྒྱུད་དགའ་ཚལ་གླིང་གི་དགོན་བདག་རྗེ་བཙུན་མ་བསྟན་འཛིན་དཔལ་མོ། སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་དང་། སྤྱི་འཐུས་རྣམ་པ། གཞན་ཡང་ལྷན་ཁང་ཁག་གི་དྲུང་ཆེ་དང་། དྷ་ས་ས་གནས་འགོ་འཛིན། ཚོགས་པ་ཁག་གི་སྐུ་ཚབ་དང་འབྲེལ་ཡོད་མི་མང་བཅས་མཉམ་འཛོམས་བྱས་འདུག
མཛད་སྒོའི་ཐོག་མར་ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད། རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ། གདུང་སེམས་མཉམ་བསྐྱེད་ཆེད་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་གྲུབ་མཚམས། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་དང་། རྗེ་བཙུན་མ་བསྟན་འཛིན་དཔལ་མོ་གཉིས་ཀྱིས་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་དབུ་དབྱེད་དང་། སྣང་གསལ་མར་མེའི་ཞལ་འབྱེད་བྱས་ཏེ་མཛད་སྒོ་དངོས་སུ་དབུ་འཛུགས་བྱས་སོང་།
དེ་ནས་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གི་དགེ་རྒན་དང་དབུ་འཛིན་གཅིག་ལྕོགས་སྐལ་བཟང་དམ་ཆོས་ཀྱིས”་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་”ངོ་སྤྲོད་དང་འབྲེལ་གསུང་དོན། “རྩ་བས་རང་ཚོའི་རིག་གཞུང་འདི་གཏིང་ཟབ་འདི་འདྲ་ཞིག་ཡོད་ན་ཡང་། དེང་སང་ང་ཚོའི་སྤྱི་ཚོགས་ནང་སྒོར་མོ་རྐྱང་པར་རྔམ་ནས་བརྒྱག་ལས་རྐྱང་པ་བྱས་ནས་རིག་གཞུང་ལ་མཐོང་མེད་པ་དང་། མཚན་ཉིད་མ་ཚང་བའི་རི་མོ་མང་པོ་ཞིག་དར་ཁྱབ་འགྲོ་གི་འདུག དེ་དང་འདྲ་བར་རི་མོ་འབྲི་ཤེས་མཁན་ཞིག་ཡིན་ན་འབྲི་ཆོག་ཆོག་དང་བཙོང་ཆོག་ཆོག་གི་བསམ་བློ་གཏོང་མཁན་ཡོད་རེད། དེ་ཚོ་ཚང་མ་ང་ཚོས་ག་རེ་མ་འགྲིག་པ་རེད་ཟེར་ན། སྤྱི་ཚོགས་ཀྱི་འགན་ཁུར་མཁན་གྱི་སྒང་ལ་བླངས་དོར་གྱི་ལམ་ཁ་སྟོན་མཁན་ཉུང་དྲགས་རེད་བསམ་གྱི་ཡོད། མ་གཏོགས་ང་ཚོའི་རིག་གཞུང་གཏིང་ཟབ་པོ་མེད་པ་མ་རེད།
དེར་བརྟེན། རྩ་བས་ང་ཚོའི་རིག་གཞུང་གཏིང་ཟབ་དེ་གཞིར་བཞག་སྟེ། དེ་དང་མཉམ་དུ་དེང་རབས་དང་མཐུན་པ་ཞིག་འགྲོ་ཐུབ་ན་བསམ་སྟེ་ང་ཚོས་ཚོགས་པ་འདི་བཙུགས་པ་ཡིན། དེ་ནས་ལྷག་པར་དུ་ང་ཚོའི་ཚོགས་པའི་ནང་ལོ་ཉི་ཤུའི་ལྷ་བྲིས་ཀྱི་ཉམས་མྱོང་ཡོད་མཁན་དེ་འདྲ་ཡོད། ཁོང་རང་ཚོས་མ་འོངས་པར་རི་མོའི་ཐོག་ཆེད་ལས་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད་རེད། དེ་ཡང་བཀའ་ཤག་སྐབས་བཅུ་བཞི་པའི་ལྟ་གྲུབ་གསུམ་དང་མཐུན་གྱི་ཡོད་རེད་ཡོད་ལ། ལྷག་པར་དུ་བཀའ་ཤག་ངོས་ནས་ཆེད་ལས་པ་གང་མང་ཞིག་གསོ་སྐྱོང་བྱ་འཆར་ཡོད་པ་ལྟར། མ་འོངས་པར་ང་ཚོའི་ཚོགས་པ་འདིས་ཆེད་ལས་པ་གང་མང་ཞིག་གསོ་སྐྱོང་ཡོང་ཆེད་ཚོགས་པ་འདི་བཙུགས་པ་ཡིན་”ཞེས་བརྗོད་སོང་།
དེ་ནས་སྐུ་མགྲོན་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེས། “སྐལ་བཟང་ཁོ་རང་གིས་བཀའ་ཤག་སྐབས་བཅུ་བཞི་པའི་ལྟ་གྲུབ་གསུམ་གཞིར་བཞག་གིས་ལས་ཀ་བྱ་རྒྱུའི་ཁས་ལེན་པ་དེ་ལ་རྒྱབ་སྐྱོར་གྱི་རྣམ་པའི་ཐོག་ནས་དེ་རིང་འདིར་བཅར་བ་ཡིན་སྐོར་དང་། ཆོལ་ཁ་དབྱེར་མེད་ཀྱིས་བོད་མི་ཆེད་ལས་པ་གང་མང་ཞིག་གསོ་སྐྱོང་ཡོང་བའི་རེ་བ་ཡོད་སྐོར། སློབ་མ་ཚོའི་ངོས་ནས་ཡིན་ན་ཡང་མ་འོངས་པར་སོ་སོའི་དམིགས་ཡུལ་གཞིར་བཟུང་གིས་ལས་ཀ་བྱེད་དེ། ཆེད་ལས་པ་རང་གི་ཐོག་ལ་ཤུགས་རྒྱག་དགོས་པ་རེད་”ཅེས་ལམ་སྟོན་གནང་སོང་།
མཐར་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་དང་། རྗེ་བཙུན་མ་བསྟན་འཛིན་དཔལ་མོ་གཉིས་ཀྱིས། བོད་ཀྱི་སྲོལ་རྒྱུན་ཐང་བྲིས་ཁང་འདི་འདྲ་ཞིག་གསར་འཛུགས་གནང་པར་བསྔགས་བརྗོད་དང་འབྲེལ་ལམ་སྟོན་གནང་སོང་།
སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་དར་སྤེལ་གླིང་ལ་། ད་ལྟའི་ཆར་ཐང་བྲིས་སྦྱོང་མཁན་གྱི་སློབ་མ་༢༠ ལྷག་ཡོད་པ་རེད་འདུག