དབུ་མའི་ལམ་གྱི་སྲིད་ཇུས་སྐོར་ལ་བགྲོ་གླེང་།

twa_2012_9_11ཟླ་འདིའི་ཚེས་༡༠ དགོང་མོ་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་ལ་བགྲོ་གླེང་ཞིག་འཚོགས་ཏེ། ད་ལྟའི་ཆར་དབུ་མའི་ལམ་གྱི་སྲིད་ཇུས་འདི་ལ་བརྟེན་ནས་རྒྱལ་སྤྱིའི་སྒང་ལ། བོད་ཀྱི་རྩ་དོན་འཐབ་རྩོད་དེ་རང་གར་འཇོག་མ་ཤེས་པ་ཞིག་ཆགས་ཡོད་རེད་ཅེས་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ཀྱིས་བརྗོད་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༠ ཉིན་གྱི་དགོང་དྲོ་ཆུ་ཚོད་༥།༣༠ ཀྱི་སྟེང་། དབུས་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་དུ་སླར་གསོ་བྱས་ཏེ་ལོ་ངོ་༢༨ འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན་ཏེ། དྷ་སའི་མེག་གྷན་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ་“དབུ་མའི་ལམ་གྱི་འདས་མ་ད་གསུམ་”ཞེས་པའི་བགྲོ་གླེང་ཞིག་འཚོེགས་སོང་ལ། བགྲོ་གླེང་གི་སྐུ་མགྲོན་གཙོ་བོ་བཀའ་ཟུར་ལྕམ་རིན་ཆེན་མཁའ་འགྲོ་གཙོས་བཞུགས་སྒར་ཁུལ་གྱི་ཚོགས་པ་ཁག་གི་སྐུ་ཚབ་དང་། ས་གནས་མི་མང་བཅས་མཉམ་འཛོམས་བྱས་འདུག

ཐོག་མར་ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཀྱིས། བོད་མི་རིགས་ཀྱི་བསྟན་སྲིད་ཆེད་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་མྱ་ངན་གུས་འདུད་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ། དེ་བཞིན་བུད་མེད་ཚོགས་པའི་ལངས་གླུ་བཅས་བཏང་མཚམས། བོད་དོན་ཆེད་རང་ལུས་མེ་བསྲེག་བཏང་བ་ཁག་ཕྱོགས་སྡོམ་གྱིས་བཟོས་པའི་གློག་བརྙན་ཞིག་མང་ཚོགས་ཀྱི་གཟིགས་ལམ་དུ་བསྟན་སོང་།

thubten longrig_2-12_9_11དེ་ནས་བགྲོ་གླེང་བ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ཀྱིས་དབུ་མའི་ལམ་གྱི་གྲུབ་འབྲས་ཞེས་པའི་བརྗོད་གཞི་དང་། བགྲོ་གླེང་བ་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་གྱིས་དབུ་མའི་ལམ་གྱི་མདུན་ལམ་ཞེས་པའི་བརྗོད་གཞི། དེ་བཞིན་བགྲོ་གླེང་བ་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་གྱིས་དབུ་མའི་ལམ་གྱི་འཕེལ་རིམ་ཞེས་པའི་བརྗོད་གཞིའི་ཐོག་སྐར་མ་བཅུ་རེའི་གཏམ་བཤད་གྲུབ་མཚམས། ཐེངས་འདིའི་བགྲོ་གླེང་གཙོ་སྐྱོང་བ་དབུས་བུད་མེད་ཚོགས་པའི་རྒྱུན་ལས་པདྨ་ཆོས་སྒྲོན་གྱིས་བརྗོད་གཞི་དེ་དག་གི་ཐོག་དོགས་སློང་གི་དྲི་བ་བཏང་སྟེ། ཕན་ཚུན་ལ་བགྲོ་གླེང་བྱས་རྗེས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། མང་ཚོགས་ནང་ནས་བརྗོད་གཞི་དེ་དག་གི་ཐོག་དྲི་བ་དྲི་ལན་གྱིས་བགྲོ་གླེང་བྱས་སོང་།

བགྲོ་གླེང་བ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ཀྱིས་དབུ་མའི་ལམ་གྱི་གྲུབ་འབྲས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱེད་སྐབས། “ཚང་མས་ཤེས་གསལ་ལྟར་ཕྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་ནས། ང་ཚོ་ཚོ་མང་པོ་ཞིག་གིས་༧གོང་ས་མཆོག་ལ་བློ་གཏད་ནས་བཙན་བྱོལ་དུ་འབྱོར་བ་རེད། དེ་ནས་བཟུང་སྟེ་ལོ་ཉི་ཤུའི་རིང་རང་བཙན་གཙང་མ་བསྐྱར་གསོའི་ཆེད་དུ། རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་བ་རེད། ཡིན་ན་ཡང་། ལོ་དེ་དག་གི་རིང་རྒྱལ་སྤྱི་དང་། རྒྱ་ནག ཕྱོགས་གང་ཐད་ནས་དོན་ཕན་ལྡན་པ་དང་གྲུབ་འབྲས་ཐོན་པ་ཞིག་མ་བྱུང་བར་བརྟེན། གཞི་ནས་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་འདི་བཟུང་པ་རེད། སྲིད་ཇུས་འདི་བཟུང་བ་ལ་བརྟེན་ནས། དེ་སྔོན་བོད་གཞིས་བྱེས་གཉིས་ཀྱི་བར་འགྲོ་འདུག་ཕར་ཞོག བོད་ནང་གི་གནས་ཚུལ་ཆུང་ཚགས་ཀྱི་རིགས་ཀྱང་ཤེས་མི་ཐུབ་པའི་གནས་སྟངས་ཆགས་ཡོད་པ་དེ་མེད་པ་ཆགས་ཏེ། བོད་གཞིས་བྱེས་གཉིས་ཀྱི་བར་འགྲོ་འོང་གི་སྒོ་ཕྱེས་པ་རེད་ལ། དེ་ནས་བཟུང་ད་ལྟའི་ཆར་དགོན་པ་ཁག་དང་སློབ་གྲྭ་ཁག་གི་ནང་གྲྭ་པ་དང་སློབ་ཕྲུག་རྒྱུན་མ་ཆད་པར་འབྱོར་ཐུབ་པ་དེ་སྲིད་ཇུས་འདིའི་གྲུབ་འབྲས་རེད་”ཅེས་བརྗོད་སོང་།

ཡང་ཁོང་གིས་མུ་མཐུད་དུ་བརྗོད་དོན། “གོང་དུ་བཤད་པ་ལྟར། ༡༩༧༩ བར་རང་བཙན་རྩོད་བཞིན་པའི་སྐབས་དེར། བོད་གཞིས་བྱེས་གཉིས་ཀྱི་ནང་ཕན་ཚུན་འགྲོ་འོང་ཕར་ཞོག་གནས་ཚུལ་ཙམ་ཡང་ཤེས་ཐུབ་ཀྱི་ཡོད་མ་རེད། ང་ཚོས་དབུ་མའི་ལམ་གྱི་སྲིད་འདི་བཟུང་པ་ལ་བརྟེན། བོད་གཞིས་བྱེས་གཉིས་ཀྱི་བར་ཕན་ཚུན་འགྲོ་འོང་བྱུང་པ་དེས། བོད་རྒྱ་གཉིས་ཀྱི་གནས་སྟངས་རྒྱལ་སྤྱིའི་སྒང་ལ་གསལ་པོ་བཟོ་ཐུབ་པ་དང་། ང་རང་ཚོའི་ཆོས་དང་རིག་གཞུང་དེ་ཡང་ཉར་ཚགས་བྱེད་ཐུབ་པ་བྱུང་ཡོད་རེད།

དཔེར་ན། ང་ཚོས་བཙན་བྱོལ་དུ་དགོན་པ་རྒྱག་ཐུབ་ཀྱི་རེད། ཡིན་ན་ཡང་དབུ་མའི་ལམ་གྱི་སྲིད་ཇུས་འདི་བཟུང་མེད་ན་ཡིན་ན། དགོན་པ་ཁག་གི་ནང་གྲྭ་རྒྱུན་ཡོང་མཁན་ཧ་ཅང་དཀོན་པོ་རེད། ཕལ་ཆེར་དགོན་པ་ཁག་སྟོང་པ་ཆགས་བསྡད་ཡོད་ཀྱི་རེད། དེ་ཡང་དབུ་མའི་ལམ་གྱི་སྲིད་ཇུས་བཟུང་པ་ལ་བརྟེན་ནས་བྱུང་པ་རེད།

རྒྱལ་སྤྱིའི་སྒང་ལ་ཆ་མཚོན་ན། ༧གོང་ས་མཆོག་ལ་འཛམ་གླིང་གི་ཆོས་ལུགས་ཚང་མས་བརྩི་མཐོང་དང་གུས་བཀུར་བྱེད་ཀྱི་ཡོད་པ་དེ་ཡང་། ༧གོང་ས་མཆོག་གིས་འགྲོ་མི་སྤྱི་ལ་ཕན་པའི་གཉིས་ཕན་དབུ་མའི་ལམ་འདི་བདམས་པ་དེས་རེད། དེར་བརྟེན། གནས་སྟངས་དེ་དག་གི་འོག ད་ལྟའི་ཆར་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྒང་ལ་རང་གར་འཇོག་མི་ཤེས་པའི་གནས་སྟངས་བྱུང་ཡོད་པ་དེ་ཡང་། དབུ་མའི་ལམ་གྱི་སྲིད་ཇུས་འདིའི་གྲུབ་འབྲས་རེད་”ཅེས་བརྗོད་སོང་།

kalsang gyamtsen_2012_9_11བགྲོ་གླེང་བ་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་གྱིས་དབུ་མའི་ལམ་གྱི་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱེད་སྐབས། “རྕ་བས་དབུ་མའི་ལམ་གྱི་མདུན་ལམ་སྐོར་ཤེས་དགོས་པར་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་དགོས་པ་གལ་ཆེན་པོ་རེད། ཕྱི་ལོ་༡༩༤༩ ལོར་རྒྱ་གཞུང་གིས་བོད་ལ་བཙན་བཟུང་བྱས་པ་དང་། ༡༩༥༡ ལོར་གྲོས་ཆོད་དོན་ཚན་༡༧ བཞག་སྟེ། བོད་ཡོངས་རྫོགས་རྒྱ་གཞུང་གི་དབང་འོག་ཏུ་བཙུད་ནས་ད་ལྟའི་བར་ལོ་༦༠ ལྷག་གི་རིང་། བོད་ནང་གི་གནས་སྟངས་དེ་རྒྱ་གཞུང་གིས་ཞིང་ཆེན་ཁག་ལྔ་ཙམ་དང་། དེ་ནང་བཞིན་རང་སྐྱོང་ལྗོངས་དང་། རང་སྐྱོང་རྫོང་། ཤིང་འདྲ་མིན་སྣ་ཚོགས་ཀྱི་འཛིན་སྐྱོང་གི་སྒྲོམ་གཞིའི་འོག་བཙུད་ཡོད་རེད།

གནས་སྟངས་དེ་དག་གི་འོག་བོད་ཀྱི་རིག་གཞུང་ཆག་འཇིག་གི་དུས་ཚོད་ཡ་ང་བ་ཞིག་ལ་སླེབས་ཡོད་རེད། བོད་ནང་དུ་བགྲོ་གླེང་དང་ཚོགས་འདུ་མང་པོའི་ཐོག་བོད་མི་མང་པོས། རྒྱ་གཞུང་གི་རྩ་ཁྲིམས་དང་མཐུན་པའི་རང་སྲིད་རང་སྐྱོང་དགོས་པའི་དགོས་འདུན་འདོན་གྱི་ཡོད་རེད། དེ་ནང་བཞིན་རྒྱ་གཞུང་གི་མཁས་པ་མང་པོ་ཞིག་གིས་ཀྱང་ལྟ་ཚུལ་དེ་ག་རང་ཡོད་རེད། དེར་བརྟེན། བོད་ནང་གི་བོད་མི་ཚོས་དགོས་འདུན་བཏོན་པ་དེ་དང་། ང་རང་ཚོས་བཟུང་བའི་དབུ་མའི་ལམ་གྱིས་སྲིད་ཇུས་ཀྱི་ལྟ་གྲུབ་ཀྱི་ངོ་བོ་མཐུན་གྱི་ཡོད་རེད། དེར་བརྟེན། མ་འོངས་པར་ང་ཚོའི་དབུ་མའི་ལམ་དེ་རྒྱ་གཞུང་གི་རྩ་ཁྲིམས་འོག་ཡོང་ཐུབ་རྒྱུ་དེ་གཞི་རྩ་བརྟན་ཤོས་རེད་”ཅེས་དང་།

ཡང་ཁོང་གིས་རྩ་བས་རྒྱ་གཞུང་གི་མི་རིགས་དང་རྒྱལ་ཁབ་དེ་མཁྲེགས་བཟུང་ཅན་ཞིག་ཡིན་ཡང་། ༧གོང་ས་མཆོག་གིས་བཏོན་པའི་དབུ་མའི་ལམ་དེར་རྒྱ་མི་མཁས་པ་མང་པོ་ཞིག་གིས་ངོས་ལེན་བྱེད་ཀྱི་ཡོད་སྐོར་དང་། ད་ལྟའི་ཆར་རྒྱལ་ཁབ་སུ་གང་གིས་ང་ཚོ་བཙན་བྱོལ་བོད་གཞུང་དེ་གཞུང་ལ་ངོས་འཛིན་བྱེད་ཀྱི་མེད་སྐོར། མ་འོངས་པར་ང་ཚོས་རྒྱ་གཞུང་གིས་མཉམ་དུ་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་དགོས་དུས། སྲིད་ཇུས་འདིར་ཚང་མས་མོ་མཐུན་བྱས་ཏེ་བོད་མི་རིགས་ཀྱི་རྩ་དོན་རྩོད་དགོས་སྐོར་སོགས་བརྗོད་སོང་།

dhadon_2012_9_10བགྲོ་གླེང་བ་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་གྱིས་དབུ་མའི་ལམ་གྱི་འཕེལ་རིམ་ཞེས་པའི་བརྗོད་གཞིའི་སྟེང་གཏམ་བཤད་བྱེད་སྐབས། དབུ་མའི་ལམ་གྱི་ལྟ་གྲུབ་ངོ་སྤྲོད་དང་འབྲེལ་གསུང་དོན། “དེང་སང་མི་མང་པོ་ཞིག་གིས་དབུ་མའི་ལམ་དེ་༡༩༩༧། ༡༩༩༨ ལོར་མགོ་བཙུགས་པ་རེད་ཅེས་བཤད་ཀྱི་ཡོད་རེད། དེ་གོ་ནོར་ཐེབས་པ་རེད། དངོས་གནས་བྱས་ན་དབུ་མའི་ལམ་གྱི་མིང་དེ་ཕྱི་ལོ་༡༩༨༨ ལོའི་གྲོས་ཆོད་དེ་བརྒྱུད་ནས་ཐོབ་པ་རེད། ཡིན་ན་ཡང་ལོ་རྒྱུས་ལ་བལྟས་པ་ཡིན་ན། ཕྱི་ལོ་༡༩༥༡ ལོར་༧གོང་ས་མཆོག་གིས་ལྷ་སར་ཡོད་པའི་དམག་སྤྱི་ཚོའི་མཉམ་དུ་གྲོས་མོལ་བྱེད་རྒྱུའི་ཐབས་ཤེས་གནང་ཡོད་རེད། དེ་ནང་བཞིན་ཕྱི་ལོ་༡༩༥༤ ལོར་༧གོང་ས་མཆོག་པེ་ཅིང་དུ་ཆིབས་བསྒྱུར་གནང་སྐབས། མོ་ཙེ་ཏུང་དང་རྒྱ་གཞུང་གི་གཙོ་འཛིན་མི་སྣ་ཚོའི་མཉམ་དུ་བཀའ་མོལ་གནང་རྒྱུའི་འབད་བརྩོན་གནང་འདུག

དེ་བཞིན་ཕྱི་ལོ་༡༩༥༩ ལོར་བོད་རང་བཙན་ཤོར་ནས་བཙན་བྱོལ་དུ་འབྱོར་མ་ཐག་རྒྱ་གཞུང་དང་མཉམ་དུ་གྲོས་མོལ་བྱེད་རྒྱུའི་འབད་བརྩོན་བྱས་ཡོད་རེད། ཡིན་ན་ཡང་། རྒྱ་གཞུང་གི་ངོས་ནས་ཡ་ལན་རྕ་བ་ནས་བྱས་ཡོད་མ་རེད་ཞུ་རྒྱུ་ཡིན། ཡིན་ན་ཡང་ང་ཚོས་མུ་མཐུད་དུ་རྩ་དོན་འཐབ་རྩོད་བྱེད་དགོས་ཀྱི་ཡོད་དུས། ཕྱི་ལོ་༡༩༦༧། དང་༡༩༦༨ ནས་བཟུང་སྟེ། ༧གོང་ས་མཆོག་གིས་གཙོས་པའི་བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས་ཚང་མས་བཀའ་བསྡུར་རིམ་པས་བྱས་ཡོད་རེད་ལ། ཕྱི་ལོ་༡༩༧༤ ལོར་ཕྱིར་གསལ་བསྒྲགས་བྱས་མེད་ན་ཡང་། གལ་ཏེ་ང་ཚོས་རྒྱ་གཞུང་དང་མཉམ་དུ་འབྲེལ་བ་བྱེད་རྒྱུ་བྱུང་ན། ང་ཚོས་རྩོད་རྒྱུ་དེ་རང་སྲིད་རང་སྐྱོང་ཞེས་པ་དེ་ཡིན་ཞེས་ནང་ཁུལ་གྲོས་བསྡུར་མང་པོི་བྱུང་འདུག་”ཅེས་དང་།

ཡང་ཁོང་གིས་ཕྱི་༡༩༧༩། དང་། ༡༩༨༠ ལོ་སོ་སོར་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པས་གྲོས་མོལ་ཐེངས་མང་བྱས་ཡོད་ཀྱང་། རྒྱ་གཞུང་གི་ངོས་ནས་ཡ་ལན་ཚད་ལྡན་ཞིག་བྱུང་མེད་སྐོར་དང་། དབུ་མའི་ལམ་དེ་རྩ་བས་༧གོང་ས་མཆོག་གིས་གཏན་འབེབས་བྱས་པ་ཞིག་ཡིན་ན་ཡང་། གྲོས་ཚོགས་དང་མང་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་པའི་མང་གཙོའི་འགྲོ་སྟངས་དང་མཐུན་པའི་ཐབས་ལམ་ཞིག་ཡིན་སྐོར། དེ་བཞིན་རྒྱ་གཞུང་གི་ངོས་ནས་ཀྱང་གཉིས་ཕན་གྱི་དབུ་མའི་ལམ་འདི་བེད་སྤྱོད་གཏོང་མ་ཐུབ་ན། མ་འོངས་པར་ང་ཚོའི་འཐབ་རྩོད་འདིའི་ལམ་ཁ་ག་འདྲ་ཞིག་ཏུ་འགྱུར་མིན་བཤད་ཁག་པོ་ཡིན་སྐོར་སོགས་བརྗོད་སོང་།

ཁྱེད་ཀྱིས་གཟིགས་མེད་སྲིད།