མོན་གྷོ་ས་གནས་བུད་མེད་ཀྱིས་དུས་དྲན་སྲུང་བརྩི།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱས་ནས་མི་ལོ་ཧྲིལ་པོ་༢༨་འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ། བོད་དོན་ཆེད་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་ཀྱི་ཆེད་བསྔོ་སྨོན་མཆོད་འབུལ་ཞིག་འཚོགས་ཡོད་པ་རེད།

དེ་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་ནང་བསྐྱར་དུ་བཙུགས་ནས། མི་ལོ་༢༨  ཧྲིལ་བོར་འཁོར་བའི་དུས་དྲན་དེ་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་ཁག་ཏུ་སྲུང་རྩི་་བྱེད་བཞིན་ཡོད་པ་བཞིན། ཟླ་འདིའི་ཚེས་༡༠ ཉིན་གྱི་ཞོགས་པ་ཆུ་ཚོད་༧ ༣༠ ཕྱེད་ཐོག་འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ། ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་བརྒྱ་ཕྲག་ཁ་ཤས་མཉམ་འཛོམས་ཐོག མོན་གྷོ་གཞིས་སྤྱིའི་ནོར་བུ་རིར་བསང་གསོལ་དང་རླུང་རྟ་བསྒྲེང་འཛུགས་བཅས་ཀྱི་ལས་རིམ་གྲུབ་རྗེས།

མོན་གྷོ་ས་གནས་བུད་མེད་ཚོགས་ཁང་ནང་དུས་དྲན་སྲུང་རྩིའི་མཛད་སྒོ་འཚོགས་ཡོད་པ་དང་།  དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ས་གནས་གཞིས་འགོ་བསོད་ནམས་བསྟན་འཛིན་དང་། ས་གནས་གྲོས་ཚོགས་ཚོགས་གཞོན་དགེ་བཤེས་རྣམ་རྒྱལ་རྒྱ་མཚན་ལགས་གཉིས་གཙོས། ས་གནས་ཀྱི་གནད་ཡོད་ལས་བྱེད་མི་སྣ་ཡོངས་དང་སེར་སྐྱ་མི་མང་བརྒྱ་ཕྲག་འགའ་མཉམ་འཛོམས་ཀྱིས། ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་མཚམས། བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་རིང་གནང་རྗེས།   ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་མཚམས་གཅོད་ཀྱིས། བོད་ཀྱི་བུད་མེད་དབུས་རྒྱུན་ལས་ཁང་གི་ཡོངས་ཁྱབ་གསུང་འཕྲིན་མི་མང་ལ་སྒྲོག་སྤྱངས་གནང་གྲུབ་པ་དང་ཆབ་ཅིག སྐུ་མགྲོན་གཙོ་བོ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་གྱིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་གནང་དོན།

སྤྱིར་བཏང་འཛམ་གླིང་ས་ཁུལ་གང་ཡིན་ཡང་དུས་དྲན་དང་ལྷག་པར་དུ་དུས་ཆེན་ཉིན་མོ་ལྟ་བུ་ལ་མཚོན་ན་ཕལ་ཆེ་བའི་དགའ་དགའ་སྤྲོ་སྤྲོའི །   གཞས་དང་ཞབས་བྲོ་འཁྲབ་པ་ལ་སོགས་པའི་གང་ལྟར་གདོང་ལ་འཛུམ་གྱིས་ཁེངས་ནས་བསྡད་ཡོད་པ་ཞིག་རེད་མོད།   ང་ཚོ་བོད་མི་ལ་མཚོན་ན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་དུས་དྲན་སྲུང་རྩིའི་ཉིན་མོ་གང་ཡིན་ཡང་མྱ་ངན་གྱི་སྒོ་ནས། དུས་དྲན་སྲུང་བརྩི་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད།   དེའི་རྒྱུ་མཚན་གང་ཡིན་ཟེར་ན་ང་ཚོ་བོད་མི་ཚོར་སོ་སོའི་རྒྱལ་ཁབ་མེད་པ་དང་།  སོ་སོའི་ཕ་ཡུལ་རྒྱལ་ཁབ་གཞན་གྱིས་ལག་དུ་ཤོར་ཡོད་པ་ཙམ་དུ་མ་ཟད།   ང་ཚོའི་ཕ་ཡུལ་དུ་གཞི་ལུས་བོད་མི་རྒྱ་ཆེའི་མང་ཚོགས་ཀྱིས་ཉིན་རེ་ནས་ཉིན་རེར་ཚེ་སྲོག་རྩ་དོན་གྱི་ཆེད་དུ་ཤོར་གྱི་ཡོད་པའི་གནས་སྟངས་དེ་འདྲ་ཞིག་གི་འོག་ཡོད་སྟབས། ང་ཚོ་འདིར་རང་དབང་ལུང་བའི་ནང་ཡོད་མཁན་ཚོ་ཡིན་ན་ཡང་སེམས་ལ་སྡུག་བསྔལ་དང་མྱ་ངན་གྱིས་སྒོ་ནས་དུས་དྲན་སྲུང་བརྩི་བྱེད་བཞིན་ཡོད་པ་རེད་ཅེས་དང་།

ཁོང་གིས་མུ་མཐུད་ནས་གསུང་དོན། རྩ་བའི་བཙན་བྱོལ་ནང་གཞུང་འབྲེལ་མིན་པའི་ཚོགས་པ་སྒྲིག་འཛུགས་མང་པོ་ཡོད་པ་རེད་དེ་དེའི་ནང་ ནས་ཚང་མའི་ཡིད་ཆེས་དང་རྒྱབ་སྐྱོར་རམ་བློ་ཐག་ཉེ་ཤོས་གཞོན་ནུ་དང་བུད་མེད་གཉིས་ཆགས་བསྡད་ཡོད་པ་རེད།  སྤྱི་ཚོགས་ཞབས་ཞུའི་མཚོན་པའི་ལྷག་བསམ་རྣམ་དག་གི་ཕྱག་ལས་མང་པོ་ཞིག་ད་ལྟའི་བར་གནང་བསྡད་ཡོད་པ་གསལ་པོ་རེད།  དེ་རིང་བུད་མེད་ཀྱི་གསུང་འཕྲིན་ནང་ཡོད་པ་བཞིན་བོད་ཀྱི་བདེན་མཐའ་མ་གསལ་བར་རྩ་དོན་རྩོད་ལེན་བྱེད་དགོས་པ་རེད། རྩ་དོན་རྩོད་ཟེར་བ་དེ་ཡང་སོ་སོའི་ཆོས་དང་རིག་གཞུང་སྐད་ཡིག་དེ་བཞིན་སོ་སོ་མི་རིགས་དང་ཡུལ་ལུང་བཅས་ལ་བདག་པོ་རྒྱག་དགོས་པའི་འདོད་པ་ཡོད་པ་བཞིན་ཆོད་སེམས་བརྟན་པོ་ཡོད་དགོས་པ་རེད།

ཡིན་ནའང་ད་ལྟའི་ཆར་བོད་ཀྱི་བདེན་མཐའ་གསལ་དགོས་ན། ང་ཚོ་ལ་ཐབ་ལམ་རང་སྐྱོང་ངམ་དབུ་མ་དང་རང་བཙན་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་ཀྱི་ཐབ་ལམ་རྣམ་པ་མ་འདྲ་བ་གཉིས་ཆགས་བསྡད་ཡོད་པ་རེད། ཐབ་ལམ་དེ་གཉིས་གང་གི་ཕྱོགས་ནས་བོད་དོན་འཐབ་རྩོད་བྱས་ན་ཡང་ང་ཚོ་ལ་བདེན་པ་ཡོད་པ་རེད།   ཡིན་ནའང་དེང་སང་སྤྱི་ཚོགས་དང་དྲྭ་རྒྱ་ཁག་གི་ནང་ལམ་དབུ་མ་དང་རང་བཙན་གཉིས་ཀྱི་ལངས་ཕྱོགས་རྩོད་བསྡད་ཡོད་པའི་ཟོ་འདྲ་ཞིག་མཐོང་སོང་།  དེ་ཏག་ཏག་རྩ་བ་ཉིད་བསྡད་ཡོད་པ་མ་རེད་དྲན་སོང་།  དབུ་མའི་ཐབས་ལམ་ཐོག་ལ་འགྲོ་བ་དེ་བོད་མིའི་རྩ་དོན་གྱི་ཆེད་དུ་རེད་ལ།  རང་བཙན་རྩོད་ལེན་བྱེད་མཁན་ཚོས་ཀྱང་བོད་མི་ས་ཡ་དྲུག་ལ་རང་བཙན་དགོས་ཟེར་གྱི་ཡོད་པ་རེད་མ་གཏོགས། ཁོ་རང་ཚོ་གཅིག་པོ་ལ་ས་ཆ་ཞིག་དགོས་ཟེར་གྱི་ཡོད་པ་མ་རེད་པས། དེར་ང་ཚོ་ནང་ཁུལ་རྩོད་པ་རྒྱག་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་མ་རེད།

ཡིན་ནའང་ང་ཚོ་སྤྱི་ཚོགས་ནང་རང་བཙན་གཙང་མའི་སྐད་ཆ་བཤད་ཡོང་དུས་༧གོང་ས་མཆོག་དང་བོད་གཞུང་གི་བཀའ་ལ་མི་བརྩི་མཁན་ཞིག་དང་།  བོད་གཞུང་གི་ལངས་ཕྱོགས་ལས་ལོགས་སུ་འགྲོ་མཁན་ཞིག་དང་ཡོང་རྒྱུ་མེད་པ་ཞིག་རྩོད་བསྡད་ཀྱི་ཡོད་པའི་རྣམ་པ་ཞིག་བརྗོད་ཀྱི་འདུག   ཡང་དབུ་མའི་ལམ་གྱི་ཐོག་ནས་རང་སྲིད་རང་སྐྱོང་བཤད་ཡོང་དུས་དེ་ཡང་ལྐུགས་པའི་ཨུ་ཚུགས་བརྒྱབ་བསྡད་པའི་ཟོ་འདྲ་ཞིག  གང་ཡང་ཡོང་རྒྱུ་མེད་པ་ཞིག་དང་༧གོང་ས་མཆོག་གི་དགོངས་གཞི་རེད་ཅེས་རྨོངས་དད་ཀྱི་ཐོག་ནས་འགྲོ་བསྡད་པའི་བཟོ་ཞིག་ཤོད་ཀྱི་འདུག   དེ་ཚོ་ཚང་མ་ཏག་ཏག་བསྡད་ཡོད་པ་མ་རེད་དྲན་གྱི་འདུག   གང་ལྟར་༧གོང་ས་མཆོག་གི་དགོངས་གཞི་ལམ་དབུ་མ་རེད་དེ་ས་ཡ་དྲུག་ཆ་ཚང་དེའི་ཐོག་འགྲོ་དགོས་པ་༧གོང་ས་མཆོག་གི་དགོངས་གཞི་ཡིན་རྒྱུ་མ་རེད་ལ། ལྟ་གྲུབ་དང་ལངས་ཕྱོགས་མཐུན་མིན་ཐོག་ནས་ནང་ཁུལ་རྩོད་པ་བརྒྱབ་བསྡད་པ་དེ། དེ་བས་ཀྱང་༧གོང་ས་མཆོག་གི་དགོངས་གཞི་ཡིན་རྒྱུ་མ་རེད་ཅེས་སོགས་བརྗོད་སོང་།

མོན་གྷོ་ས་གནས་གསར་འགོད་པས།

ཁྱེད་ཀྱིས་གཟིགས་མེད་སྲིད།