དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་མཇུག་བསྒྲིལ་བ།
ཟླ་འདིའི་ཚེས་༡༡ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་སེ་ར་ཐེག་ཆེན་གླིང་དུ་༢༠༡༢ ལོའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ལེགས་འགྲུབ་བྱུང་བའི་ཉིན་མཐའ་མའི་མཇུག་བསྡོམས་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།
ཚོགས་ཐོག་ཏུ་བྱང་རྩེ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་དང། སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམས་ཀྱིས་གཙོས་པའི་དགེ་ལུགས་རྒྱུགས་སྤྲོད་པ་བཅས་འདུ་འཛོམས་བྱུང་འདུག སྐབས་དེར་བྱང་རྩེ་ཆོས་རྗེ་རིན་པོ་ཆེས་དགེ་ལུགས་རྒྱུགས་སྤྲོད་དེ་ཚགས་ཚུད་པོ་དང། ཡར་རྒྱས་གཏོང་དགོས་པ་དང་། གཞུང་སོ་སོའི་ཐོག་རིགས་གཅིག་རྐང་འཛིན་ཡོངས་ཐབས་བྱེད་དགོས་སྐོར་སོགས་གསུངས་སོང་། དེ་བཞིན་སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་ཀྱང་༧གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་སྒྲུབ་བྱེད་དགོས་སྐོར་བཀའ་སློབ་ནན་མོ་གནང་སོང་།
མཇུག་མཐར་བོད་བསྟན་སྲིད་རང་དབང་སླར་གསོའི་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་དུ་བསྔོ་སྨོན་གསུངས་ཡོད་པ་རེད། དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུན་ལས་དགེ་བཤེས་གངས་རི་ལགས་སུ་རྒྱུགས་སྤྲོད་ག་འདྲ་བྱུང་ཡོད་མེད་སྐོར་བཅར་འདྲི་བྱས་སྐབས། ཁོང་གིས་“ད་ལོའི་དགེ་ལུགས་རྒྱུགས་སྤྲོད་འདི་ཡང་རྒྱུགས་སྤྲོད་ཀྱི་སྒྲིག་གཞི་བཞིན་ཕྱོགས་ཡོངས་ནས་ཡག་པོ་བྱུང་སོང་།” ཞེས་དང་། ཡང་ཉེ་ཆར་ངོ་དེབ་བརྒྱུད་ད་ལོའི་དགེ་ལུགས་རྒྱུགས་སྤྲོད་སྐབས་ལག་འཕྲིན་ནས་རྒྱུགས་གཞིའི་འབྲེལ་ཡོད་ཡིག་ཆ་མཉམ་ཁྱེར་བྱེད་མཁན་བྱུང་ཡོད་པའི་སྐོར་ལ་དྲིས་ལན་བརྗོད་དོན། “ངོ་དེབ་ནང་དུ་གནས་ཚུལ་དེ་འདྲ་ཞིག་འབྲི་བཞིན་འདུག ལག་ཐོགས་ཁ་པར་ནང་རྒྱུགས་སྤྲོད་དང་འབྲེལ་བའི་ཡི་གེ་མཉམ་འཁྱེར་བྱུང་ཡོད་པ་དངོས་ཡོད་གནས་ཚུལ་རེད། ང་ཚོ་དོ་དམ་པ་རང་གི་ངོས་ནས་མཐོང་ནས་བཟུང་བ་རེད། དེ་ལ་རྒྱུགས་སྤྲོད་ཀྱི་སྒྲིག་དོན་བཞིན་ད་ལོའི་རྒྱུགས་སྤྲོད་ནས་ཕྱིར་འཐེན་བྱས་ཡོད་པ་རེད་”ཅེས་དང་། “ཁོང་གི་མིང་དང་གྲྭ་ཚང་གང་ཡིན། ཡིག་ཆ་ག་རེ་བཟུང་ཡོད་མེད་སོགས་གསལ་བཤད་བྱེད་ནས་དགོས་པ་ཡོད་མ་རེད་བསམ་གྱི་འདུག དེ་འདྲའི་གནས་ཚུལ་སྐབས་སྔོན་མ་དག་ལ་ཡང་བྱུང་མྱོང་འདུག་”ཅེས་བརྗོད་སོང་།
དེ་བཞིན་དགེ་ལུགས་རྒྱུགས་སྤྲོད་འདི་བཞིན་རྒྱུན་རིང་བ་དང་། ལས་རིམ་དཀའ་ངལ་ཡོད་པའི་བསམ་ཚུལ་དགེ་འདུན་པའི་ནང་འབྱུང་བཞིན་ཡོད་པས། རྒྱུགས་སྤྲོད་ཚོགས་ཆུང་གི་ངོས་ནས་དེ་ལ་ལེགས་བཅོས་གནང་དགོས་པར་མཐོང་གི་ཡོད་མེད་སྐོར་དྲིས་པར། ཁོང་གིས་“ད་ཡོད་སྒྲིག་གཞིའི་འདིའི་ཐོག་ཚན་རིག་དགོས་མི་དགོས་ཀྱི་གནས་ཚུལ་འགྲོ་བཞིན་ཡོད་པ་རེད། དེ་མིན་སྔར་བཞིན་མ་ཡིན་པར་རྒྱུགས་སྤྲོད་སྐབས་ངལ་གསོའི་གུང་སེང་བདུན་གཅིག་རེ་མཚམས་ཡོད་པ་བྱས་ནས་ཅུང་ཟད་གུ་ཡངས་པོ་བྱེད་ཀྱི་ཡོད། འོན་ཀྱང་། ད་དུང་རྒྱུགས་སྤྲོད་པ་མང་པོ་ནད་པ་ཆགས་པའི་གནས་ཚུལ་ཡོང་གི་ཡོད་པ་རེད། དེ་མིན་ལེགས་བཅོས་སྤང་བླང་གང་དགོས་བཤད་ཤེས་ཀྱི་མི་འདུག གང་ཡིན་ཟེར་ན། དེ་དགའ་ལྡན་ཁྲི་རིན་པོ་ཆེ། ཤར་བྱང་གི་ཆོས་རྗེ་རྣམ་པ། མཁན་རིན་པོ་རྣམ་པ་སོགས་ནས་ཐག་གཅོད་གང་གནང་གཞི་ལ་འཇོག་དགོས་རེད་ཅེས་གསུངས་སོང་།
འདི་ལོའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ནི་ཕྱི་ཟླ་༨ ཚེས་༢༢ ཉིན་དབུ་འཛུགས་བྱས་ཡོད་པ་དང་། རྒྱུགས་སྤྲོད་པ་སེ་ར་བྱེས་སྨད་གཉིས། དགའ་ལྡན་ཤར་བྱང་གཉིས། འབྲས་སྤུངས་ནས་སྒོ་མང་དང་བློ་གསལ་གླིང། ར་སྟོད་གྲྭ་ཚང་དང་། བཀྲ་ཤིས་ལྷུན་པོ་བཅས་གྲྭ་ཚང་ཁག་བརྒྱད་ཀྱི་དགེ་འདུན་༦༢༡ རྒྱུགས་སྤྲོད་ནང་མཉམ་ཞུགས་བྱས་ཡོད་པ་རེད་འདུག །
མེ་སོར་གསར་འགོད་པས།