ལས་འགུལ་ནང་ཞུགས་མཁན་སྔོན་ལས་ཉུང་དུ་སོང་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་གསུམ་གྱིས་དགོས་འདུན་གསུམ་དང་འབོད་སྐུལ་གཅིག་གི་འོག ཟས་བཅད་ངོ་རྒོལ་བྱས་ཏེ། ཉིན་༡༣ ཟིན་ཡོད་པ་དང་། ད་ལྟ་ཁོང་ཚོའི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པ་རེད།
ཟླ་འདིའི་ཚེས་༡༥ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཚོགས་པ་བརྒྱད་ཀྱིས་གཞོན་ལྷན་གྱི་ཟས་བཅད་ངོ་རྒོལ་ལ་རྒྱབ་སྐྱོར་ཡོད་པའི་གསར་འགོད་གསལ་བསྒྲགས་སྤེལ་བ་མ་ཟད། ཚོགས་པ་ཁག་གི་སྐུ་ཚབ་ཁག་ཅིག་ཟས་བཅད་པ་རྣམས་ལ་སེམས་གསོའི་གཟིགས་སྐོར་གནང་ཡོད་པ་རེད། དེ་བཞིན་བོད་གཞུང་ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་གིས་ཟས་བཅད་པ་རྣམས་ལ་གཟིགས་སྐོར་གནང་འདུག
ཟླ་འདིའི་ཚེས་༡༢ ཉིན་གཞོན་ལྷན་གྱི་གོ་སྒྲིག་འོག མི་མང་གིས་ལྡི་ལིའི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་རྐྱང་ཕྱག་འཚལ་ཏེ། བོད་དོན་རྒྱབ་སྐྱོར་དགོས་པའི་ཞུ་འབོད་ལས་འགུལ་སྤེལ་བ་དང་། ཟླ་འདིའི་ཚེས་༡༣ ཉིན་གཞོན་ལྷན་གྱི་སྐུ་ཚབ་ཡུ་རོབ་མཉམ་འབྲེལ་གྱི་ཆབ་སྲིད་སྡེ་ཚན་གྱི་འགན་འཛིན་ལ་ཐུག་སྟེ། བོད་དོན་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུས་པ་དང་། མི་མང་གི་ལས་འགུལ་སྤེལ་བ་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་སྲིད་འཛིན་ལས་ཁུངས་སུ་གཞོན་ལྷན་སྐུ་ཚབ་བཅར་ཏེ་བོད་དོན་རྒྱབ་སྐྱོར་དགོས་པའི་སྙན་ཞུ་ཕུལ་ཡོད་པ་རེད།
ཟླ་འདིའི་ཚེས་༡༥ ཉིན་གཞོན་ལྷན་གྱི་ཟུང་དྲུང་བསྟན་འཛིན་ནོར་བཟང་ལ་ཁ་པར་བརྒྱུད་ཟས་བཅད་པའི་གནས་སྟངས་སྐོར་གནས་འདྲི་ཞུས་པར། ཁོང་གིས་ལྡི་ལི་ནས་འགྲེལ་བརྗོད་གནང་དོན། “ཟས་བཅད་པ་གསུམ་གྱི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་པ་དང་། ཚོགས་གཞོན་དོན་གྲུབ་ལྷ་དར་གྱི་གཟུགས་པོའི་ལྗིད་ཚད་ཀི་ལོ་༩ དང་། སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་གི་གཟུགས་པོའི་ལྗིད་ཚད་ཀི་ལོ་༧ དང་། རིག་གཞུང་འགན་འཛིན་ཞོལ་པ་འཇིགས་མེད་ཀྱི་གཟུགས་པོའི་ལྗིད་ཚད་ཀི་ལོ་༦ མར་ཆག་འདུག་”ཅེས་འགྲེལ་བརྗོས་བྱས་སོང་།
ཁོང་གིས་ལས་འགུལ་སྤེལ་དགོས་སྐོར་གསུང་དོན། “ལས་འགུལ་ནང་མི་མང་མཉམ་ཞུགས་དགོས་པ་ཧ་ཅང་གལ་ཆེན་པོ་འདུག ད་ལྟའི་ཆར་མི་མང་ལ་དུས་ཚོད་མེད་པའི་དཀའ་ངལ་ཡོད་པ་རེད་མོད། བོད་ནང་གི་གནས་སྟངས་ལ་བསམ་བློ་བཏང་སྟེ། ལས་འགུལ་ནང་མཉམ་ཞུགས་དགོས་ཀྱི་འདུག ལས་འགུལ་ནང་ཞུགས་མཁན་སྔོན་མ་ལས་ཉུང་དུ་སོང་ཡོད་པ་མཐོང་གི་འདུག་ལ། དགོས་འདུན་བཞི་དང་། འབོད་སྐུལ་གཅིག་དེ་གཞོན་ལྷན་གཅིག་པུའི་མ་རེད་ལ། ཟས་བཅད་པ་གསུམ་གྱི་ཡང་མ་རེད། མི་མང་གི་དགོས་འདུན་ཞིག་རེད། དེར་བརྟེེན་ས་གནས་ས་ཐོག་ཚང་མར་ལས་འགུལ་སྤེལ་སྐབས་གང་མང་མཉམ་ཞུགས་བྱེད་རོགས་”ཞེས་གསུངས་སོང་།།