བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་བཅར་བ་ཡིན།
རྒྱ་གར་གྱི་བྷི་ཇི་བྷི་ཚོགས་པའི་འགོ་ཁྲིད་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡཱ་ཤིས་ཝན་སིང་ཧ་ཡིས་དྷ་སར་གཟིགས་སྐོར་གནང་ཡོད་པ་དང་། ཁོང་གིས་གཙོ་བོ་བོད་ནང་རང་ལུས་མེར་སྲེག་གི་ངོ་རྒོལ་གྱིས་མཚོན་ཛ་དྲག་ཏུ་གྱུར་ཡོད་པར་གདུང་སེམས་མཉམ་སྐྱེད་ཆེད་དུ་ཡོང་བ་ཡིན་ཞེས་གསུངས་སོང་།
ཟླ་འདིའི་ཚེས་༡༧ ཉིན་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡཱ་ཤིས་ཝན་སིང་གིས་(རྒྱ་གར་གྱི་ཕྱི་སྲིད་དང་། དཔལ་འབྱོར་བློན་ཆེན་ཟུར་པ་དང་། རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི།) ཟླ་འདིའི་ཚེས་༡༧ ཉིན་དྷ་ས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་པ་དང་། དེའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བསོད་ནམས་བསྟན་འཕེལ་དང་། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་གཉིས་ལྷན་བཅར་གནང་ཡོད་པ་རེད།
ཁོང་ཟླ་འདིའི་ཚེས་༡༥ ཉིན་དྷ་སར་འབྱོར་བ་དང་། སྤྱི་འཐུས་ལྷན་ཚོགས་སུ་གཟིགས་ཞིབ་དང་། གཞུང་གི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག རྒྱ་གར་ས་གནས་ཀྱི་རྫོང་དཔོན་དང་། སྐོར་སྲུང་བའི་སྤྱི་ཁྱབ་པ་བཅས་དང་ལྷན་བསམ་ཚུལ་བསྡུ་ལེན་བྱས་ཡོད་པ་རེད། ཁོང་གིས་གསར་འགོད་གསལ་བསྒྲགས་ཐོག་གསུང་དོན། “བོད་ནང་རང་ལུས་མེར་སྲེག་གིས་མཚོན་ལས་འགུལ་འདྲ་མིན་བྱུང་བ་དང་། བོད་མི་ཚོར་སེམས་ལ་དཀའ་སྡུག་ཆེན་པོ་ཡོད་པར་གདུང་སེམས་མཉམ་བསྐྱེད་མཚོད་ཆེད་དང་། བོད་མི་བཙན་བྱོལ་ལ་ཡོད་མཁན་ཚོའི་སེམས་ལ་ཚོར་བ་དང་སྡུག་བསྔལ་ག་ཚོད་ཡོད་པ་བཞིན་ང་ལ་ཡང་ཡོད་པའི་རྣམ་འགྱུར་སྟོན་ཆེད་དུ་དྷ་སར་བཅར་བ་ཡིན། མར་ལྡི་ལིར་སོང་བ་དང་། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་མཉམ་གྲོས་བསྡུར་བྱས་ཏེ། རྒྱ་གར་གཞུང་གི་འཛིན་སྐྱོང་མི་སྣ་སོགས་དང་། མི་མང་ནང་བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བལྟ་རྒྱུ་ཡིན་”ཞེས་འགྲེལ་བརྗོད་གནང་སོང་།
གསར་འགོད་པས་སྐུ་ཞབས་ཡཱ་ཤིས་ཝན་སིང་ཧ་ཡི་རྒྱ་གར་གཞུང་གི་ཕྱི་སྲིད་བློན་ཆེན་ཡིན་སྐབས། སྲིད་བློན་ཝཱ་ཇི་པ་ཡེ་རྒྱ་ནག་ལ་ཕེབས་སྐབས། བོད་ཐོག་འཛིན་པའི་སྲིད་ཇུས་བསྒྲགས་གཏམ་སྤེལ་བ་དེས་ཁྱད་པར་སོང་ཡོད་མེད་སྐོར་དྲིས་པར། ཁོང་གིས། “ཁོང་དང་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་ཐོག་༡༩༥༠ ལོའི་དུས་རབས་ནས་རྒྱ་གར་གྱིས་བོད་ཀྱི་ཐོག་སྲིད་ཇུས་འཛིན་སྟངས་ནོར་འཁྲུལ་ཆེན་པོ་ཕྱིན་པ་དང་། དེའི་རྐྱེན་གྱིས་དེ་རིང་གི་དུས་ཚོད་འདི་འདྲ་ཞིག་སླེབས་པ་རེད། ཡིན་ནའང་རྒྱ་གར་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཅིག་གི་སྲིད་ཇུས་ནང་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲད་ཟིན་པ་དང་། དེ་བཞིན་ཐའེ་ཝན་དང་། བོད་རྒྱ་ནག་གཅིག་གི་སྲིད་ཇུས་ནང་འཛིན་གྱི་རེད། ཡིན་ཡང་རྒྱ་གར་གྱི་མང་ཚོགས་དང་། མང་ཚོགས་ཀྱི་སྐུ་ཚབ་ཚོས་བོད་ཀྱི་ཐོག་སེམས་འཚབ་དང་རྒྱབ་སྐྱོར་ཡོད་པ་རེད་”ཅེས་དང་། ཡང་ཁོང་གིས་དྷ་སར་རྒྱ་གར་གྱི་གནད་ཡོད་མི་སྣར་ཐུག་སྐབས། བོད་པ་དང་ས་གནས་རྒྱ་གར་ཡུལ་མི་མཐུན་སྒྲིལ་ཡག་པོ་སྐོར་ཡོད་འདུག་ཅེས་གསུངས་སོང་།
ཡང་ཁོང་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། “༢༠༠༣ ལོར་རྒྱ་གར་གྱིས་བོད་རང་སྐྱོང་ལྗོངས་དེ་ད་ལྟ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁུལ་ནང་ཡིན་པར་ངོས་འཛིན་དང་། འབྲས་ལྗོངས་དེ་རྒྱ་གར་གྱི་ཆ་ཤས་ཡིན་པ་དང་། སྣ་ཐོས་ལར་ཚོང་འབྲེལ་གྱི་སྒོ་ཕྱེ་རྒྱུ་དེ་འདྲ་བྱས་པ་རེད་”ཅེས་གསུངས་སོང་།