དབུ་མའི་ལམ་གྱི་ཉིན་མོ་སྲུང་བརྩི།
ཟླ་འདིའི་ཚེས་༡༦ ཉིན་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་དབུ་མའི་ལམ་ལམ་གྱི་ཉིན་མོ་ཞེས་པ་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་པ་དང་། དེར་བཀའ་ཤག་གི་སྐུ་ཚབ་བཀའ་བློན་རྒྱ་རི་སྒྲོལ་མས་རང་བཙན་དང་། དབུ་མའི་ལམ་ཕན་ཚུན་འགྲན་སྡུར་གྱི་བཟོ་འདྲ་བོའི་ལམ་ནས་བགྲོ་གླེང་བྱས་པ་ཡིན་ན་ཡང་ཕན་ཐོགས་མེད་སྐོར་སོགས་བརྗོད་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠། ༥༠ སྟེང་། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་དཔའ་བོའི་དྲན་རྟེན་རྡོ་རིང་གི་མདུན་དུ། དབུ་མའི་ལམ་གྱི་ཉིན་མོ་སྲུང་བརྩི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། བཀའ་ཤག་གི་སྐུ་ཚབ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ཀྱིས་གཙོས། སྤྱི་འཐུས་ཁག་ཅིག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ། གཞན་ཡང་སེར་སྐྱ་མི་མང་དང་སློབ་ཕྲུག་བཅས་མཉམ་འཛོམས་བྱས་འདུག་ལ།
མཛད་སྒོའི་ཐོག་མར་ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་དཔའ་མོ་ཡོངས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་གྲུབ་མཚམས། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་ལས་རོགས་བློ་བཟང་ཆོས་འབྱོར་གྱིས། དབུ་མའི་ལམ་གྱི་ཐོག་མའི་བྱུང་རིམ་དང་། བར་གྱི་འཕེལ་རིམ། དེའི་གྲུབ་འབྲས་སྐོར་སོགས་མང་ཚོགས་ལ་ངོ་སྤྲོད་བྱས་སོང་ལ། ཉིན་དེར་དབུ་མའི་ལམ་ལས་འགུལ་ཁང་གིས་གླིང་ཚ་ཚེ་བརྟན་རྡོ་རྗེར་ཞི་བའི་འཐབ་རྩོད་པའི་གཟེངས་རྟགས་ཤིག་ཀྱང་སྤྲད་སོང་།
མཛད་སྒོའི་ཐོག་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ཀྱིས་༧གོང་ས་མཆོག་གིས་བཏོན་པའི་དབུ་མའི་ལམ་གྱི་སྲིད་བྱུས་འདི་བོད་རྒྱ་གཉིས་ཀྱི་ཁེ་ཕན་ཙམ་མིན་པར་འཛམ་གླིང་ཡོངས་ཀྱི་ཁེ་ཕན་དང་འབྲེལ་བའི་སྲིད་བྱུས་ཤིག་ཡིན་སྐོར་དང་། སྲིད་ཇུས་དེར་ད་ལྟའི་ཆར་ཕྱི་རྒྱལ་ཁག་དང་བོད་རིགས་མི་མང་གིས་རྒྱབ་སྐྱོར་ཡོད་སྐོར། ད་ལྟའི་ཆར་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་དཀྲོག་གཏམ་གྱི་རིགས་མང་པོ་ཞིག་བྱུང་གི་ཡོད་སྐོར་དང་། མ་འོངས་པར་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་གང་ཡིན་པ་དེ་ལས། དཀྲོག་གཏམ་གྱི་རིགས་མང་ཚོགས་ནང་བཀྲམ་མི་ཉན་སྐོར་སོགས་བརྗོད་སོང་།
བཀའ་བློན་རྒྱ་རི་སྒྲོལ་མས་རྩ་བས་མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་འདྲ་མིན་ཡོང་ཆོག་གི་ཡོད་ན་ཡང་། ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་ལམ་ཁ་དེ་༧གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་དེ་ལས་ཡག་ཅིག་མེད་སྐོར་དང་། མ་འོངས་པར་བགྲོ་གླེང་གོ་སྒྲིག་བྱེད་སྐབས་རྩ་དོན་བྱེད་ཕྱོགས་ལ་དམིགས་ཏེ་གོ་སྒྲིག་བྱེད་དགོས་པ་ལས། རང་བཙན་དང་། དབུ་མའི་ལམ་ཕན་ཚུན་འགྲན་སྡུར་གྱི་བཟོ་འདྲ་བོའི་ལམ་ནས་བགྲོ་གླེང་བྱས་པ་ཡིན་ན་ཡང་ཕན་ཐོགས་མེད་སྐོར་སོགས་བརྗོད་སོང་།
མཐར་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དབུ་མའི་ལམ་གྱི་སྲིད་ཇུས་འདི་ལག་བསྟར་བྱེད་ཐུབ་པ་ཡིན་ན། བོད་རྒྱའི་དཀའ་ངལ་གཅིག་པུ་མ་ཡིན་པར་ཤར་གླིང་ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་གི་དཀའ་ངལ་སེལ་ཐུབ་ཀྱི་ཡོད་སྐོར་དང་།༧གོང་ས་མཆོག་གིས་བོད་མིའི་མདུན་ལམ་ཐོག་དགོངས་བཞེས་གནང་སྟེ་དུས་ཡུན་རིང་པོར་སྐུ་ལས་བསྐྱོན་ཚུལ། དེ་བཞིན་བོད་ཀྱི་གནད་དོན་དེ་རྒྱ་གཞུང་དང་གདོང་ཐུག་གིས་ཐག་གཅོད་དགོས་སྐོར་དང་། བོད་ཚང་མས་དབུ་མའི་ལམ་གྱི་སྲིད་ཇུས་འདི་ངོས་ལེན་བྱས་ནས། བོད་དོན་བདེན་མཐའ་གསལ་ཐབས་ལ་ཤུགས་རྒྱག་དགོས་སྐོར་སོགས་གསུངས་སོང་།
དབུ་མའི་ལམ་གྱི་སྲིད་ཇུས་དེ་༡༩༩༧ ལོའི་ཕྱི་ཟླ་༩ ཚེས་༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་གཏན་འབེབས་བྱས་པའི་ཉིན་མོ་དེ། དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་དབུ་མའི་ལམ་གྱི་ཉིན་མོར་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། ཡིན་ཡང་ད་ལོ་ཚེས་༡༦ ཉིན་ལ་སྔ་འདོན་བྱས་ཏེ་སྲུང་བརྩི་བྱས་ཡོད་པ་རེད།།