གཞོན་ལྷན་གྱི་ལས་འགུལ་མཚམས་འཇོག་དགོས་པའི་ཉེན་བརྡ།
ཟླ་འདིའི་ཚེས་༡༨ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟས་བཅད་ལས་འགུལ་བའི་གཟུགས་པོ་སྐྱོ་པོ་ཆགས་ཡོད་པས། ལས་འགུལ་མཚམས་འཇོག་བྱས་ཏེ། ཛ་དྲག་སྨན་ཁང་དུ་སྐྱེལ་དགོས་ཞེས་རྒྱ་གར་ཉེན་རྟོག་པས་ཡི་གེ་བཏང་འདུག
ཟླ་འདིའི་ཚེས་༡༨ དགོང་མོ་གཞོན་ལྷན་ཟུང་དྲུང་བསྟན་འཛིན་ནོར་བཟང་ལ་ཟས་བཅས་ལས་འགུལ་སྐོར་ཁ་པར་བརྒྱུད་གནས་འདྲི་བྱས་པར། ཁོང་གིས། “མདང་དགོང་རྒྱ་གར་ཉེན་རྟོག་པས་སྨན་པ་ཁྲིད་དེ་སླེབས་ནས། ཟས་བཅད་པའི་གཟུགས་པོ་བརྟག་དཔྱད་བྱེད་སྐབས། ཁོང་ཚོའི་གཟུགས་པོ་སྐྱོ་པོ་ཆགས་ཡོད་པ་དང་། སྒོས་སུ་ཚོགས་གཞོན་དོན་གྲུབ་ལྷ་དར་ཛ་དྲག་སྨན་ཁང་དུ་སྐྱེལ་དགོས་ཀྱི་འདུག དེ་རིང་ཉིན་གོང་བསྐྱར་དུ་ཉེན་རྟོག་པ་ཡོང་ནས། ཟས་བཅད་མཚམས་འཇོག་དགོས་ཞེས་ཡི་གེ་སྤྲད་སོང་། ཡིན་ཡང་ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཇི་ནི་ཝ་རུ་འཚོག་བཞིན་ཡོད་པས། དེའི་ནང་བོད་དོན་གླེང་སློང་ཡོང་ཆེད་དུ་ཟླ་འདིའི་ཚེས་༡༨ ཉིན་ཨ་རི་ས་གནས་གང་དང་། སུད་སི་ཇི་ནི་ཝ། ལྡི་ལི་བཅས་སུ་གཞོན་ལྷན་གྱིས་ལས་འགུལ་སྤེལ་བཞིན་ཡོད་ལ། གཞོན་ལྷན་གྱི་ངོས་ནས་ཟས་བཅད་ལས་འགུལ་མུ་མཐུད་སྤེལ་འཆར་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།
རྒྱ་གར་གྱིས་ལས་འགུལ་མཚམས་འཇོག་སྐོར་བརྗོད་སྐབས། ཟས་བཅད་པ་ཁོ་རང་ཚོས་ག་རེ་གསུང་གི་ཡོད་མེད་དང་། གཟུགས་པོའི་གནས་སྟངས་ག་འདྲ་ཆགས་ཡོད་མེད་སྐོར་དྲིས་པར། ཁོང་གིས། “འཇིགས་མེད་ཀྱི་གཟུགས་པོའི་ལྗིད་ཚད་ཀི་ལོ་༡༠ དང་། དོན་གྲུབ་ལྷ་དར་གྱི་གཟུགས་པོའི་ལྗིད་ཚད་ཀི་ལོ་༡༡ སྤེན་པའི་གཟུགས་པོའི་ལྗིད་ཚད་ཀི་ལོ་༩ བཅས་མར་ཆག་འདུག ཉེན་རྟོག་པས་ལས་འགུལ་མཚམས་འཇོག་དགོས་པའི་ཡི་གེ་སླེབས་སྐབས། ཚོགས་གཞོན་དོན་གྲུབ་ལྷ་དར་བཤུམ་གྱི་འདུག་ལ། ཁོང་ཚོས་མུ་མཐུད་ཟད་བཅད་ལས་འགུལ་སྤེལ་རྒྱུ་ཡིན་ཟེར། འདས་པའི་ལོ་རྒྱུས་ན་གཞོན་ལྷན་གྱི་ལས་འགུལ་འདྲ་མིན་སྤེལ་ཡོད་པ་རེད། ལས་འགུལ་གྱི་ཉིན་དང་པོའི་ནས་ལས་འགུལ་བཀག་གི་དཀའ་ངལ་འཕྲད་པ་ཐེངས་དང་པོ་རེད། ཡིན་ཡང་གཞོན་ལྷན་གྱི་ལས་འགུལ་ལ་ནུས་པ་ཐོན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། མུ་མཐུད་ནས་ལས་འགུལ་འདྲ་མིན་སྤེལ་འཆར་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།།