གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུའི་གྲོས་ཆོད་བཞག་སོང་།
ཐེངས་འདིའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཉིན་མཐའ་མའི་སྟེང་། ༧གོང་ས་མཆོག་ཐུགས་ཕམ་བྱུང་བ་དེར་འཛིན་སྐྱོང་བཀའ་ཤག་དང་། སྤྱི་འཐུས་གྲོས་ཚོགས་གཉིས་ཀྱིས་གཞིས་བྱེས་གཉིས་ཀྱི་ཚབ་བྱས་ཏེ། དགོངས་པ་དྭངས་གསལ་ཡོང་ཆེད་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུའི་གྲོས་ཆོད་བཞག་སོང་།
དེ་ཡང་ཐེངས་འདིའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དེ་ ཟླ་འདིའི་ཕྱི་ཚེས་༡༤ ཉིན་ནས་ཉིན་བརྒྱད་ཀྱི་རིང་འཚོགས་ཡོད་པ་དང་། ཕྱི་ཚེས་༢༢ ཉིན་སྟེ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཉིན་མཐའ་མིའི་སྟེང་། ཉེ་ཆར་བོད་མི་ཉུང་ཤས་ཤིག་གི་བྱ་སྤྱོད་ལ་བརྟེན་ནས།༧གོང་ས་མཆོག་ཐུགས་ཕམ་བྱུང་བ་དེར་འཛིན་སྐྱོང་བཀའ་ཤག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། དགོངས་པ་དྭངས་གསལ་ཡོང་ཆེད་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུའི་གྲོས་ཆོད་དང་། གཞན་ཡང་གཞུང་འབྲེལ་གྲོས་ཆོད་ཁག་ཅིག་ཀྱང་སྤྱི་མོས་ཀྱི་ཐོག་ནས་བཞག་སོང་ལ། དེ་ནང་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གིས་བཀའ་ཤག་གི་གསལ་བཤད་སྐབས། དབུ་མའི་ལམ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཡིན་པ་ག་དུས་ཡིན་ཡང་མང་ཚོགས་ལ་འགྲེལ་བཤད་རྒྱག་གི་ཡོད་སྐོར་དང་། མ་འོངས་པ་ཡིན་ན་ཡང་དེ་ལ་ནམ་ཡང་འགྱུར་བ་མེད་སྐོར་སོགས་བརྗོད་སོང་།
ཚོགས་འདུ་མཇུག་སྡོམ་གྱི་སྐབས་ཚོགས་གཙོས་གཏམ་བཤད་གནང་དོན། “རྒྱ་ནག་ལ་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་མི་དགའ་བ་ཆགས་ཡོད་པའི་གནས་སྟངས་འོག ང་རང་ཚོའི་འཛིན་སྐྱོང་བཀའ་ཤག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱི་ངོས་ནས་བྱེད་དགོས་པ་གང་རེད་ཟེར་ན། ང་རང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གང་ཡིན་པ་དེ། རྒྱ་ནག་མི་མང་ལ་གསལ་པོ་བྱས་ནས་ངོ་སྤྲོད་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་ཡོད། རྩ་བས་ང་ཚོའི་ལངས་ཕྱོགས་དེ་རྒྱ་གཞུང་གི་འགོ་ཁྲིད་ཚོས་ཤེས་ཡོད་ན་ཡང་། མི་མང་གི་མ་ཤེས་ན་ཕན་ཐོགས་ཀྱི་མ་རེད། དེར་བརྟེན། ང་ཚོས་རང་བཙན་རྩོད་ཀྱི་མེད་པ་དང་། གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་མིའི་རིག་གཞུང་རྒྱུན་འཛིན་དང་། རྩ་དོན་འཐབ་རྩོད་བྱེད་ཀྱི་ཡོད་པ་རྒྱ་ནག་མི་མང་གིས་ཤེས་སུ་འཇུག་དགོས་པ་གལ་ཆེན་པོ་ཆགས་ཡོད་རེད་ཅེས་ཞུ་གི་ཡོད།
ཉེ་ཆར་༧གོང་ས་མཆོག་ཐུགས་ཕམ་བྱུང་བ་དེ་ང་རང་ཚོ་ནང་ཁུལ་གྱི་གནས་ཚུལ་ཞིག་རེད། ནང་ཁུལ་གྱི་གནས་ཚུལ་དེ་ཡང་ང་རང་ཚོས་གྲོས་ཆོད་བཞག་པ་ནང་བཞིན་རིམ་པས་སེལ་ཐུབ་ཀྱི་རེད། དེ་ལས་ལྷག་ཅིག་ཕྱི་ལ་གདོང་ལེན་བྱེད་དགོས་པའི་གནས་ཚུལ་ཆགས་ཀྱི་ཡོད་རེད་”ཅེས་དང་།
མཐར་ཁོང་གིས་རྩ་བས་ཚོགས་འདུ་དེ་ཉིན་བརྒྱད་ཀྱི་རིང་མ་གཏོགས་འཚོགས་མེད་ན་ཡང་། ལས་དོན་གང་ཅིའི་ཐད་ནས་ཚགས་ཚུད་པོ་དང་མཉམ་རུབ་ཀྱི་ནུས་པ་ཤུགས་ཆེན་པོ་ཐོན་ཡོད་སྐོར་དང་། གྲོས་ཚོགས་ནང་བགྲོ་གླེང་བྱེད་སྐབས་ཡིན་ན་ཡང་གནད་དོན་རང་གི་ཐོག་ཚང་མས་ཤུགས་ཁུར་ཆེར་བཞེས་ཀྱིས་ཕན་ཚུན་ལ་གྲོས་བསྡུར་བྱས་ཡོད་ཚུལ། དེ་བཞིན་ཐེངས་འདིར་བཀའ་བློན་ཁྲི་པ་ཞེས་པའི་མཚན་དེ། སྲིད་སྐྱོང་ཞེས་པར་གཏན་འབེབས་ཐུབ་པ་དེ་གྲུབ་འབྲས་ཆེན་པོ་ཞིག་ཡིན་སྐོར་དང་། ཡོང་ལ་ཉེ་བའི་དམིགས་བསལ་ཚོགས་ཆེན་ཐོག་ཡིན་ན་ཡང་ཚང་མས་འགན་ཁུར་ཏེ་གྲུབ་འབྲས་དང་ལྡན་པ་ཞིག་བྱེད་དགོས་སྐོར་སོགས་བརྗོད་སོང་།