དམིགས་བསལ་ཚོགས་ཆེན་ཐོག་སྤྱི་འཐུས་ཀྱི་གསུང་བཤད།

དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༢ ཀྱི་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་ཡོད་པ་རེད།

དེ་རིང་བཅའ་ཁྲིམས་དོན་ཚན་ ༥༩ དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པ་ཕྱི་ལོ་ ༢༠༡༢ ཐོག་ཆིབས་བསྒྱུར་བསྐྱངས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ་ དང་། གཞན་རྒྱལ་ཁབ་ཁག་ ༢༦ ནས་ཕེབས་པའི་ཚོགས་བཅར་བ་དང། ཟུར་ཉན་པ་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཕེབས་བསུའི་འཚམས་ འདྲི་ཞུ་རྒྱུ་ཡིན།
དམིགས་བསལ་ཚོགས་ཆེན་ཐེངས་ ༢ པ་འདི་ཚུགས་དགོས་དོན་གཙོ་བོ་ནི་བོད་ནང་གི་ཛ་དྲག་གནས་སྟངས་ལ་ང་ཚོ་བཙན་བྱོལ་བོད་མི་ཚོའི་ངོས་ནས་གདོང་ལེན་བྱ་ཕྱོགས་སྐོར་གྱི་ཆེད་དུ་ཚོགས་བཞིན་ཡོད་པ་རེད།

ད་ལྟ་བོད་ནང་དུ་རྒྱ་ནག་གཞུང་གིས་འདས་པའི་ལོ་ ༦༠ ནང་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་དུ་བཏང་དང་གཏོང་བཞིན་པའི་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག་མི་འབོར་སྤོ་ཤུགས་ཀྱི་ལས་གཞི་གཙོ་བོ་གྱུར་པའི་ཆབ་སྲིད་ཀྱི་རང་དབང་དང་དཔལ་འབྱོར་དང་སྤྱི་ཚོགས། སྐད་ཡིག ཆོས་དང་རིག་གཞུང། རང་བྱུང་ཁོར་ཡུག བོད་མིའི་འཚོ་བ་སྐྱེལ་སྟངས་བཅས་ལ་བརྩི་སྲུང་སྤུ་ཙམ་མེད་ཁར་གཏོར་བཤིག་བྱེད་ རྐྱང་བྱས་སྟབས། བོད་ནང་བོད་མི་ཚོ་བཟོད་ཐབས་བྲལ་ནས་ད་བར་ང་ཚོས་ཤེས་རྟོགས་བྱུང་བ་ཤ་ཁྲག་གཅིག་ པའི་བོད་རིགས་ ༥༡ གིས་རྩ་ཆེའི་ལུས་སྲོག་ཡན་ཆད་བློས་བཏང་གིས་རང་ལུས་མེར་བསྲེགས་ཀྱིས་ ༤༡ སྐུ་སྲོག་ཤོར་ཡོད་པ་དང་། མེ་མདས་དམར་གསོད་བཏང་བ། བཙན་བཤེད་ཀྱིས་གར་སོང་ཆ་མེད་ཕྱིན་པ་རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་ལུགས་དང་མ་ མཐུན་པའི་བོད་རིགས་མང་དག་ཅིག་ལ་ཉེས་མེད་བཀག་ཉར་དང་བཙོན་འཇུག་བྱས་པ་སོགས་ དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད། མདོར་ན་ད་ལྟ་བོད་ནང་གསལ་བསྒྲགས་མ་བྱས་པའི་དྲག་པོའི་ཁྲིམས་གཞིའི་འོག་གནས་ ཡོད། བོད་མི་ཚོའི་རང་སྲོག་ཡན་ཆད་འདོར་དགོས་པའི་དགོས་པ་དང་རྒྱུ་མཚན་ཇི་ཡིན་རྒྱ་ ནག་གཞུང་གིས་བསམ་ཞིབ་བྱ་རྒྱུ་ཕར་ཞོག རྒྱ་ནག་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་མགོ་སྐོར་བསླུ་བྲིད་འོག་འཁྲིད་ ཐབས་དང་། བོད་ནང་ཛ་དྲག་གི་དངོས་ཡོད་གནས་སྟངས་སྦས་སྐུང་ཆེད་བོད་འདི་བཙོན་ཁང་ལྟ་བུ་ཞིག་ཏུ་བསྒྱུར་ཏེ་རང་དབང་གི་གསར་འགོད་དང་། རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་ནས་རྟོག་ཞིབ་བྱ་ རྒྱུར་ཆོག་མཆན་མི་སྤྲོད་པའི་གནས་སྟངས་ཚབས་ཆེན་ཞིག་ཏུ་གྱུར་ཡོད་པ་ཚང་མས་ མཁྱེན་གསལ་ཡིན་སྟབས་ཞིབ་ཕྲ་ཞུ་རྒྱུ་མིན།

ཕྱི་ ལོ་ ༢༠༠༨ ནས་བཟུང་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་ཐོག་བཀའ་སྤྱི་གཉིས་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག གང་ཟག་སྒེར་སོ་སོ་བཅས་ནས་རྣམ་དཔྱོད་རྩལ་དུ་བཏོན་ཏེ་ལས་འགུལ་རབ་དང་རིམ་པ་ སྤེལ་ཡོད་པ་མ་ཟད། རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་བ་དང་། ཞི་བ་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན། གཞུང་སྒེར་མང་པོས་ཀྱང་རྒྱབ་སྐྱོར་གྱི་རྣམ་པ་འདྲ་མིན་བཏོན་པ་བྱུང་ཡོད། རྒྱ་ནག་སྲིད་གཞུང་གི་འགོ་ཁྲིད་ཚོར་བོད་ཀྱི་དཀའ་རྙོག་སེལ་བའི་ཆབ་སྲིད་ཀྱི་ འདུན་པ་མེད་པ་དང་། བློ་སྤོབས་མི་འདང་ཁར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་ བསྒྱུར་བསྐྱངས་སྐབས་དང་། བཀའ་སྤྱི་གཉིས་ཀྱིས་ལས་འགུལ་ཇི་བརྩམས་ལ་འཁྱོག་བཤད་དང་འགོག་རྐྱེན་བཟོ་ཐབས་ སུ། ནུབ་ཕྱོགས་རང་དབང་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་མི་མང་བསླུ་བྲིད་གཏོང་ཐབས་ཀྱི་ ལས་གཞི་མཚམས་མ་ཆད་པར་སྤེལ་བཞིན་ཡོད་པ་དང་། རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོར་ཆབ་སྲིད་དང་དཔལ་འབྱོར། དམག་གི་གནོན་ཤུགས་འདྲ་མིན་སྤྲོད་བཞིན་ཡོད།

ད་ལྟའི་ཛ་དྲག་གི་གནས་སྟངས་འོག་བོད་རིགས་ཡོངས་ཀྱིས་དཀའ་སྡུག་ཚད་མེད་མྱོང་ བཞིན་པའི་ཡ་ང་བའི་གནས་སྟངས་འདི་བོད་མི་ཚོས་ནུས་པ་གོང་བུ་གཅིག་ཏུ་བསྒྲིལ་ནས་ གདོང་ལེན་བྱ་རྒྱུའི་གོ་སྐབས་ཤིག་ཡིན་ལ་གོ་སྐབས་དེ་བོད་ཕྱི་ནང་གཉིས་ཀྱི་བོད་ མི་ཚོས་དམ་འཛིན་བྱེད་ཐུབ་པ་ཡིན་ན་འགྱུར་བ་ཆེན་པོ་འགྲོ་སྲིད་པའི་གནས་སྟངས་ ཤིག་ཀྱང་ཡིན། ང་རང་ཚོའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་དང་མི་སྤེལ། ལས་འགུལ་གྱི་ངོ་བོའི་ཐོག་བསམ་ཚུལ་ཤོད་མཁན་ཅི་རིགས་ཤིག་ཡོང་བཞིན་ཡོད་སྟབས།  ད་རེས་དམིགས་བསལ་ཚོགས་ཆེན་འདིར་བོད་གཞུང་མང་གཉིས་ཀྱི་ངོ་ཚབ་མཚོན་པའི་བོད་ མི་མི་གྲངས་ ༤༠༤ ཕེབས་ཡོད་པ་ཚང་མས་རྣམ་དཔྱོད་རྩལ་དུ་བཏོན་ཏེ་དོན་ཕན་ལྡན་པའི་ལས་འགུལ་གྱི་ སྒྲོམ་གཞི་བཟོ་གནང་ཐུབ་ཚེ་ཕན་ཐོགས་ཡོད་པ་གདོན་མི་ཟ།  དམིགས་བསལ་ཚོགས་ཆེན་གྱི་ལས་རིམ་གཏན་འབེབས་གཞིར་བཟུང་དབུ་འབྱེད་མཛད་སྒོའི་ རྗེས་སུ་ཚོགས་ཆུང་ཆ་བགོས་ཞུས་ཡོད་པ་ལྟར་ཚོགས་ཆུང་སོ་སོའི་ནང་གཏན་འབེབས་ བརྗོད་གཞིའི་རྒྱ་ལས་མི་བརྒལ་བ་ཚོགས་ཆུང་སོ་སོའི་ཚོགས་གཙོས་སྟངས་འཛིན་ནན་པོ་ གནང་དགོས་པ་དང་ཚོགས་ཆུང་ཁག་གི་སྙན་ཐོ་ཁ་གསལ་འགོད་དགོས། དེ་རིང་དབུ་འབྱེད་མཛད་སྒོ་གྲུབ་མཚམས་ཚོགས་ཆུང་སོ་སོའི་ནང་ལྷག་འཕྲོའི་དུས་ ཚོད་ནང་བརྗོད་གཞི་དང་པོ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་ གཉིས་ནས་གདོང་ལེན་ཆེད་ང་ཚོའི་ངོས་ནས་བཀའ་སྤྱི་གཉིས་ཀྱི་སྤྱི་ཡོངས་ལམ་སྟོན་ ཞི་བ་དང་ཡུལ་ཁྲིམས་དང་མི་འགལ་བ་ཆེ་མཐོང་ལྡན་པ་བཅས་ཀྱི་ངང་ནས་བོད་མིའི་སྤྱི་ ཚོགས་ནང་ལས་འགུལ་སྤེལ་ཕྱོགས་སྐོར་གོ་བསྡུར་སྦྱངས་བཤད་གནང་རྒྱུ་དང་།  ཚེས་ ༢༦ གི་སྔ་དྲོའི་ཚོགས་ཐེངས་རིང་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས་སྐོར། ཉིན་རྒྱབ་རྒྱ་གར་དང་ལྷོ་ཤར་ཨེ་ཤའི་ཡའི་ནང་ལས་འགུལ་སྤེལ་ཕྱོགས་སྐོར་ཞིབ་བསྡུར་གནང་དགོས།  ཚེས་ ༢༧ སྔ་དྲོ་ཚོགས་ཆུང་སོ་སོའི་ནང་བརྗོད་གཞི་གསུམ་ཀའི་ཐོག་ཕྱོགས་བསྡོམས་སྙན་ཐོ་ གཏན་འབེབས་གནང་གྲུབ་མཚམས་ཕྱག་ཚོད་ ༡༡།༣༠ སྟེང་ཚོགས་ཁང་དུ་ཚང་འཛོམས་ཀྱིས་ཚོགས་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་སྙན་ སྒྲོན་གནང་རྒྱུ་དང་།

ཉིན་རྒྱབ་ཚོགས་ཆུང་ཁག་གི་དྲུང་ཆེ་རྣམ་པས་ཚོགས་ཆུང་ཁག་བཅུ་ཡི་སྙན་ཐོ་ ཕྱོགས་བསྡོམས་གནང་རྒྱུ་དང་དུས་མཚུངས་ཚོགས་ཁང་ཆེན་མོའི་ནང་ཚོགས་བཅར་བ་སྒེར་ གྱི་བསམ་ཚུལ་བརྗོད་རྒྱུའི་གོ་སྐབས་དང་། བཀའ་སྤྱི་གཉིས་ནས་གསལ་བཤད་དགོས་པའི་དྲི་བ་གཏང་ཆོག སྐབས་དེར་ཚོགས་བཅར་བ་རེ་རེར་སྐར་མ་ལྔ་ལས་མ་བརྒལ་བའི་གོ་སྐབས་སྤྲོད་རྒྱུ་ དང་།  གོ་སྐབས་བཞེས་མཁན་ནང་ནས་རྒྱན་བསྐྱུར་གྱིས་སུ་ཐོབ་ལ་གོ་སྐབས་འབུལ་རྒྱུ། དགོང་དྲོ་ཆུ་ཚོད་ ༦།༠༠ ཐོག་ཚོགས་ཆུང་ཁག་གི་ཚོགས་གཙོ་རྣམ་པ་དང་ཚོགས་ཆུང་གི་དྲུང་ཆེ་རྣམ་པ་ལྷན་ འཛོམས་ཀྱིས་ཕྱོགས་བསྡོམས་ཞུས་པའི་སྙན་ཐོ་ལ་སླར་ཡང་ཐུགས་ཞིབ་གནང་སྟེ་མཐའ་ མའི་གཏན་འབེབས་གནང་དགོས། ཉིན་མཐའ་མ་ཚེས་ ༢༨ སྔ་དྲོ་འཛིན་སྐྱོང་བཀའ་ཤག་གི་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ ཆེན་པོ་མཆོག་ལ་གཞུང་མང་གཉིས་ཀྱི་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོ་གཙུག་ལག་ ཁང་དུ་ཚོགས་རྒྱུ་དང་། ཉིན་རྒྱབ་ཚོུད་ ༢ པའི་ཐོག་རྡ་སྟེང་བོད་ཁྱིམ་ཚོགས་ཁང་ཆེན་མོའི་ནང་སླར་ཡང་འཛོམས་ཏེ་ཚོགས་ཆེན་ གྱི་མཐའ་མའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་དང་འབྲེལ་གཏན་འབེབས་བྱ་རྒྱུ། དེ་རྗེས་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོ་འཚོག་རྒྱུ་སོགས་ཚོགས་བཅར་བ་མི་ རེ་ངོ་རེར་ལས་རིམ་སྔོན་ཕུལ་ལྟར་དུས་ཚོད་རྒྱས་བཅད་ནང་གྲུབ་ཟིན་པ་དགོས་ཚོགས་ ཆུང་སོ་སོའི་ནང་ལས་འགུལ་གྱི་ངོ་བོ་དང་དམིགས་ཡུལ། ཞིབ་ཆ་འགོད་དགོས་པ་དང་། ཚོགས་ཆུང་སོ་སོའི་ནང་གོ་བསྡུར་གནང་སྐབས་བརྗོད་གཞི་རང་གི་ཐོག་ཏུ་དགོངས་ཚུལ་ གསུང་དགོས་པ་ལས། ལོ་རྒྱུས་དང་ལས་འགུལ་སྤེལ་ཕྱོགས་ལ་མི་ཕན་པའི་དུས་ཚོད་ཆུད་ཟོས་སུ་མི་འགྲོ་བ་ གནང་གལ།

སྤྱིར་མང་ཚོགས་ནང་དེ་སྔའི་ཚོགས་ཆེན་ཁག་གི་རྒྱབ་གཉེར་སྙན་ཐོ་ལག་བསྟར་བྱས་ ཡོད་མེད་སྐོར་དང་། དམིགས་བསལ་ཚོགས་ཆེན་ལ་སོགས་པའི་ཚོགས་ཆེན་གཞན་ཚོགས་པའི་དགོས་པ་ཡོད་མིན་གྱི་ གཏམ་གླེང་སྣ་ཚོགས་ཤིག་ཡོང་བཞིན་ཡོད་སྟབས། ཚོགས་ཆེན་སྔ་མའི་རྒྱབ་གཉེར་སྙན་ཐོ་ཁག་བཀའ་སྤྱི་གཉིས་ནས་མཇུག་སྐྱོང་ཇི་ཞུས་ དང་། ཞུ་མ་ཐུབ་པའི་གནས་སྟངས་ཇི་ཆགས་བོད་མིའི་སྒྲིག་འཛུགས་ཀྱི་རང་དབང་གསར་ཤོག་ནང་ དུས་ཐོག་གསལ་པོ་བཀོད་ཡོད་ཅེས་བསྐྱར་ནན་ཞུ་རྒྱུ་ཡིན།
ད་ཐེངས་ཀྱི་ཚོགས་ཆེན་ཉིན་བཞི་ཡོངས་རྫོགས་རྡ་སྟེང་བོད་ཁྱིམ་ནང་ཚུགས་གཏན་ འཁེལ་ཡོད་པ་དང་། བོད་ཕྲུག་ཁྱིམ་སྡེའི་མཐུན་འགྱུར་འོག་གསོལ་ཇ་བཞེས་ཏོག་དང་གསོལ་ཚིགས་བཅས་གོ་ སྒྲིག་ཞུ་བཞིིན་ཡོད། ཚོགས་བཅར་བ་མང་པོ་ཞིག་ས་ཐག་རྒྱང་པོ་དང་ཡུལ་ལུང་ཐག་རིང་ཁག་ནས་ཕེབས་སྐབས་སུ་ དཀའ་ངལ་འཕྲད་པ་དང་། རྡ་སར་འདི་ལོ་ཆར་ཆུ་མང་བའི་རྐྱེན་གྱིས་འགྲོ་ལམ་ལ་གནོད་སྐྱོན་ཕྱིན་པ་དང་ བཞུགས་མཚེར་མཐུན་རྐྱེན་འགྲིག་མིན་དབང་གིས་དཀའ་ངལ་འཕྲད་ཡོད་ན་བཟོད་གསོལ་ཞུ་ རྒྱུ་དང། ཚོགས་དྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག་ཚོགས་འདུ་ཉིན་བཞིའི་རིང་གང་ཐུབ་ཅི་ཐུབ་ ཀྱིས་གྲ་སྒྲིག་མཐུན་འགྱུར་ཞུ་བཞིན་ཡོད་ཀྱང་ཅི་སྟེ་ད་དུང་ཡང་དཀའ་ངལ་འཕྲད་ཚེ་ ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེའམ་འབྲེལ་ཡོད་ལས་བྱེད་ལ་འཛེམ་ཟོན་མེད་པར་ གསུང་གནང་ཡོང་བ་ཞུ་རྒྱུ་ཡིན།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་། དེ་འགྲུབ་ཐབས་སུ་ཚང་མས་བློ་གྲོས་རྩལ་བཏོན་གྱིས་ནུས་པ་མཉམ་སྤུངས་དགོས་པའི་ གཞེན་སྐུལ་ཞུ་རྒྱུ་དང་བཅའ་ཁྲིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་འདི་དོན་ཕན་ ཡོང་བའི་རེ་བ་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ ལ།། །།

ཁྱེད་ཀྱིས་གཟིགས་མེད་སྲིད།