དམིགས་བསལ་ཚོགས་ཆེན་རྗེས་ཀྱི་བསམ་ཚུལ་ཁག་ཅིག
དམིགས་བསལ་ཚོགས་ཆེན་གཉིས་པའི་ཐོག་བཅར་བའི་ཚོགས་ཞུགས་པ་ཁག་ཅིག་ལ། ཚོགས་འདུ་མཇུག་གྲོལ་སྟེ་གྲོས་ཆོད་ཚང་མ་གཏན་འབེབས་བྱས་རྗེས། དེའི་ཐོག་བསམ་ཚུལ་གང་ཡོད་དྲིས་པར།
ཚོགས་ཞུགས་པ་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ཀྱིས་གསུང་དོན། ད་ཐེངས་ཀྱི་ཚོགས་འདུའི་མཐའ་མའི་གྲོས་ཆོད་ལག་ལེན་ཁེལ་ཐུབ་པའི་འཆར་གཞི་རྡོག་རྡོག་ཡག་པོ་ཞེ་དྲག་མི་འདུག་བསམ་སོང་། བོད་ནང་གི་ཛ་དྲག་གནས་བབས་སྐོར་ལ་བགྲོ་གླེང་བྱས་པ་རེད། ཡིན་ཡང་ཛ་དྲག་གི་གནས་བབས་ངོས་འཛིན་བྱེད་ཕྱོགས་ཡང་ཅུང་ནོར་གྱི་འདུག་བསམ་སོང་། བོད་ནང་རང་ལུས་མེར་སྲེག་གི་འབྱུང་རྐྱེན་དེ་འཚོལ་དགོས་པ་རེད་བསམ་གྱི་འདུག རང་ལུས་མེར་སྲེག་གཏོང་མཁན་ཚོས་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱེད་ཀྱི་ཡོད་པ་རེད། བོད་ལ་རང་དབང་དགོས་ཟེར་དུས་དངོས་ཡོད་ཛ་དྲག་དེ། ཞིང་འབྲོག་ནས་ས་ཤོར། ངོ་རྒོལ་བྱེད་ས་དང་། བརྒྱུད་ལམ་དུ་བཤད་ས། ཁྲིམས་ལ་གཏུག་ས་མེད་པ་རེད། ཆོས་དང་རིག་གཞུང་རང་དབང་གིས་ལག་བསྟར་བྱེད་ས་མེད་པ་དང་། མི་འགུལ་བསྐྱོད་རྒྱག་ས་མེད་པ་ཆགས་ཡོང་དུས། རྒྱ་ནག་ལ་ངོ་རྒོལ་དང་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་གླེང་སློང་ཡོང་ཆེད་དུ་རང་ལུས་མེར་སྲེག་བཏང་བ་རེད། དེ་ལ་དཔག་ནས་ག་རེ་བྱེད་ཀྱི་ཡོད་བལྟས་ན་འཐབ་རྩོད་ལ་ཁྱབ་ཆེན་པོ་ལྟ་ས་ཡོད་པ་རེད། དེ་མིན་རང་ལུས་མེར་སྲེག་དེ་ཛ་དྲག་ཏུ་བརྩིས་ཏེ། དེའི་འབྱུང་རྐྱེན་མ་བཙལ་ན། རང་ལུས་མེར་སྲེག་བཀག་འགོག་ཆེད་དུ་འཚོགས་པ་ལྟ་བུ་ཆགས་ཀྱི་འདུག ཁ་ཤས་ཀྱིས་རང་ལུས་མེར་སྲེག་མ་གཏོང་རོགས་ཞེས་འབོད་སྐུལ་དགོས་ཀྱི་འདུག་ཟེར་མཁན་འདུག དེ་བཞིན་རང་ལུས་མེར་སྲེག་གཏོང་མཁན་ཚོས་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཟེར་དུས། འདིར་ཁ་ཤས་ཀྱིས་༧རྒྱལ་བ་རིན་པོ་ཆེ་བོད་དུ་འཚམས་གཟིགས་སུ་ཕེབས་ཐུབ་ན་ཟེར་གྱི་འདུག བོད་ནང་༧རྒྱལ་བ་རིན་པོ་ཆེ་རང་དབང་གི་ཐོག་ནས་བོད་ལ་གདན་འདྲེན་ཞུ་དགོས་ཟེར་གྱི་ཡོད་པ་ལས། འཚམས་གཟིགས་ཀྱི་སྐད་ཆ་མ་རེད། ཚོགས་ཐོག་ཏུ་ཡང་བསམ་ཚུལ་མང་པོ་བཤད་ས་མེད་པ་ལྟ་བུ་དང་། སྐད་ཆ་བཤད་སའི་སྒྲོམ་གཞི་ཡང་ཆུང་ཆུང་འདྲ་ཞིག་རེད། མཐའ་མར་བསམ་ཚུལ་ཁག་ལ་ཕྱོགས་བསྒྲིགས་ཀྱིས་གྲོས་ཆོད་ཀྱང་ལག་ལེན་ཞེ་དྲག་ཁེལ་ས་མེད་པར། རྡོག་རྩ་ཆིག་སྒྲིལ་དང་། འབྲེལ་བ་ཡག་ཏུ་གཏོང་དགོས་པ་ཟེར་བ་ཆགས་སོང་བསམ་པའི་ཚོར་སྣང་བྱུང་ཞེས་འགྲེལ་བརྗོད་གནང་སོང་།།
ཚོགས་ཞུགས་པ་སྦེལ་རྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་ཀྱིས་གསུངས་དོན། ཚོགས་ཆུང་ཁག་གི་ནང་དགོངས་ཚུལ་འདྲ་མིན་བྱུང་བ་རེད་ལ། མཐའ་མའི་གྲོས་ཆོད་ནང་མ་སླེབས་པ་མང་པོ་འདུག་མོད། རྩ་བའི་ཚོགས་ཆུང་ཁག་གི་བསམ་ཚུལ་མང་པོ་སླེབས་འདུག ཚོགས་འདུ་ཡག་པོ་བྱུང་སོང་བསམ་སོང་། བོད་ནང་དུ་ཛ་དྲག་གི་དཀའ་ངལ་བྱུང་ནས། རང་ལུས་མེར་སྲེག་གིས་ངོ་རྒོལ་བྱེད་དགོས་འབྱུང་གི་ཡོད་པ་རེད། དེའི་སྐོར་ལ་བོད་མི་ཚོ་ས་གནས་གང་ས་ནས་ཡོང་བ་དང་། ཚང་མ་ཚོར་བ་རྣོན་པོ་དང་། ཆིག་སྒྲིལ་འདུག་བསམ་པའི་ཚོར་སྣང་བྱུང་སོང་། སྦེལ་རྗམ་ནས་ས་གནས་ཁག་དྲུག་ཙམ་དུ་བསམ་ཚུལ་བསྡུས་ནས་དོན་ཚན་བཅུ་གཉིས་ཚོགས་ཆུང་ལ་ཕུལ་བ་ཡིན་ལ། དེའི་ནང་ནས་ཛ་དྲག་ཚོགས་ཆུང་དགོས་པ་དང་། རང་ལུས་མེར་སྲེག་གཏོང་མཁན་ཚོའི་ཆེད་དུ་མཆོད་རྟེན་བཞེངས་དགོས་པ་སོགས་ཁ་ཤས་མཐའ་མའི་གྲོས་ཆོད་ནང་སླེབས་འདུག ཡག་པོ་མཐོང་སོང་ཞེས་འགྲེལ་བརྗོད་གནང་སོང་།
ཚོགས་ཞུགས་པ་རྒྱ་གར་པོན་ཊ་གཞིས་ཆགས་ཀྱི་ས་འཐུས་ཚོགས་གཙོ་པདྨ་ཚེ་རིང་གིས་གསུང་དོན། ང་ཚོས་ཚོགས་ཆེན་འཚོགས་ནས་བསམ་ཚུལ་བསྡུས་པ་འདིས་བོད་ཀྱི་རྩ་དོན་ལ་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག བོད་ནང་ནས་རང་ལུས་མེར་སྲེག་གཏོང་མཁན་དང་། ཆབ་སྲིད་ཀྱི་ཆེད་དུ་བློས་གཏོང་བྱེད་མཁན་ཚོས་བལྟས་ན་ཡང་། རྒྱབ་སྐྱོར་ཞིག་ཡོད་པ་དང་། མོས་པ་དང་ཕན་ཐོགས་འདུག་བསམ་པ་ཞིག་ཡོང་གི་རེད། ང་ཚོས་ཛ་དྲག་ཚོགས་འདུ་མ་འཚོགས་པར། བཞག་ནས་རང་ལ་སེམས་ཤུགས་ཆག་བྱེད་དང་། དགྲ་ཡིས་བལྟས་ན། བོད་མིར་དབྱུག་པ་གཞིས། རྡོ་གཞིས་ག་རེ་བྱས་ཀྱང་ཁོང་ཚོས་སྐད་རྒྱག་གི་མ་རེད་བསམ་པ་མ་ཡོང་ཆེད། ལས་འགུལ་རྒྱ་ཆེན་པོ་སྤེལ་དགོས་པ་ལས། ལྷོད་གཡེང་བྱས་ཏེ་སྡོད་པའི་དུས་ཚོད་མ་རེད། བོད་ནང་དུ་རྒྱ་མི་མང་དུ་སོང་ནས། བོད་མི་ཚོ་ཉུང་ཉུང་ཆགས་པ་དང་། ཁོར་ཡུག་འཕྲོ་བརླག་བཏང་སོང་ན། ང་ཚོས་དེ་ལ་དཔག་པའི་ལས་འགུལ་སྤེལ་རྒྱུའི་དུས་ཚོད་རེད། ས་གནས་སུ་བསམ་ཚུལ་བསྡུས་ནས་ཚོགས་ཐོག་ཏུ་ཁྱེར་ཡོང་བ་རེད། འདིར་ཡང་བསམ་ཚུལ་མང་ཆེ་བ་གཅིག་པ་རེད་འདུག དེས་ང་ཚོ་བོད་མི་ཚོ་རྡོག་རྩ་ཆིག་སྒྲིལ་ཡོད་པ་དང་། བསམ་ཚུལ་དང་འབོད་སྒྲ་གཅིག་པ་ཡིན་པ་མཚོན་གྱི་ཡོད་པ་རེད། ཚོགས་འདུ་ཡག་པོ་བྱུང་སོང་ཞེས་འགྲེལ་བརྗོད་གནང་སོང་།།
ཨོ་སི་ཊི་ལའི་ཡའི་ཁེན་སི་ས་གནས་ཀྱི་བོད་རིགས་ཚོགས་པའི་ཚོགས་གཙོ་ཚེ་རིང་དབང་ཕྱུག་གིས་གསུང་དོན། ཚོགས་ཐོག་ཏུ་བསམ་ཚུལ་མཐུན་མ་མཐུན་འདྲ་མིན་རེད། ཡིན་ཡང་བོད་ནང་གི་ཛ་དྲག་སྐོར་ལ་ཚང་མས་སེམས་ཤུགས་བྱས་ནས་ཚོགས་འདུར་ཡོང་སྟེ། བསམ་ཚུལ་བཏོན་པ་ཙམ་གྱིས་ཡག་པོ་ཞེ་དྲག་རེད། ཕར་ཕྱོགས་ནས་ཚུར་ཡོང་སྐབས་རེ་བ་ཆེན་པོ་ཁྱེར་ནས་ཡོང་བ་ཡིན་ལ། འདིར་ཡག་པོ་བྱུང་སོང་བསམ་གྱི་འདུག ཚང་མ་སེམས་ཤུགས་ཆེན་པོ་འདུག གྲུབ་འབྲས་ཤིག་ཀྱང་རག་གི་རེད་བསམ་གྱི་འདུག་ཅེས་གསུངས་སོང་།།