བོད་གཞུང་མང་གཉིས་ནས་ཟས་བཅད་ངོ་རྒོལ་ལས་འགུལ།
དེ་རིང་ཞོགས་པར་བོད་གཞུང་མང་གཉིས་ནས་རྒྱལ་སྤྱི་དང་བོད་ནང་ཞི་བདེ་ཡོང་ཆེད་ཀྱི་ཟས་བཅད་ངོ་རྒོལ་ཞིག་སྤེལ་སོང་ལ། ལས་འགུལ་བ་ཚང་མའི་ཐོད་པར་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་ཐོད་རས་དཀར་པོ་རེ་དང་། དཔུང་པར་བོད་སྐྱོབ་ཅེས་པའི་དཔུང་རྟགས་ནག་པོ་རེ་བཏགས་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༩ ཉིན་གྱི་ཞོགས་པའི་ཆུ་ཚོད་༧ །༣༠ ཀྱི་སྟེང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ༧གོང་ས་མཆོག་དབུ་བཞུགས་ཐོག ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས། སྲིད་ཞུའི་ལས་བྱེད་རྣམ་པ། གཞན་ཡང་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཐོག་བཅར་བའི་ཚོགས་མི་རྣམ་པ་དང་། ས་གནས་སེར་སྐྱ་མི་མང་ཧ་ཅང་མང་པོ་འདུ་འཛོམས་ཀྱིས། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་བསྔོ་སྨོན་དང་། དེ་དག་གི་ཤུལ་ལྷག་ནང་མི་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཆེད་མཆོད་འབུལ་སྨོན་ལམ་གཞི་རྒྱ་ཆེ་བ་ཞིག་འཚོགས་པ་དང་། མཆོད་འབུལ་ལམ་གྲུབ་མཚམས་༧གོང་ས་མཆོག་དང་། བླ་ཆེན་རྣམ་པ་ཆིབས་བསྒྱུར་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག བོད་གཞུང་མང་གཉིས་ནས་རྒྱལ་སྤྱི་དང་བོད་ནང་ཞི་བདེ་ཡོང་ཆེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་དེ་རིང་ཕྱི་དྲོའི་ཆུ་ཚོད་༣ པ་བར་སྤེལ་གྱི་འདུག ལས་འགུལ་གྱི་ཐོག་མར་ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་མཚམས། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་བྱས་སོང་།
ཟས་བཅད་ངོ་རྒོལ་ཐོག་ལས་འགུལ་བ་ཚང་མའི་ཐོད་པར་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་ཐོད་རས་དཀར་པོ་རེ་དང་། དཔུང་པར་བོད་སྐྱོབ་ཅེས་པའི་དཔུང་རྟགས་ནག་པོ་རེ་བཏགས་འདུག་པ་མ་ཟད། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་ཐོག་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་ཚོས། སོ་སོ་སྡོད་གནས་ཀྱི་རྒྱལ་ཁབ་ཁག་གི་སྐད་ཐོག་ནས་བོད་དོན་དང་འབྲེལ་བའིོ་གཏམ་བཤད་ཀྱང་གནང་གི་འདུག
ལས་འགུལ་སྟེང་བོད་མི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་དོན། “དེ་རིང་གི་ལས་འགུལ་འདིའི་ཁ་བྱང་གཙོ་བོ་དེ་རྒྱལ་སྤྱའི་ནང་དང་། བོད་ནང་ལ་ཞི་བདེ་ཡོང་ཆེད་དུ་རེད། དེ་རིང་ཞོགས་པར་༧གོང་ས་མཆོག་གིས་དབུས་བོད་རྒྱུད་ནང་བསྟན་གྱི་ཆོས་ལུགས་ཁག་གི་བླ་ཆེན་རྣམ་པ་དབུ་བཞུགས་ཀྱི་ཐོག བོད་ནང་དུ་ང་ཚོས་ཤེས་རྟོགས་བྱུང་བ་རང་ལུས་མེར་བསྲེག་གཏོང་མཁན་༥༡ དང་། དེའི་ནང་འདས་གྲོངས་སུ་གྱུར་པ་༤༡ དེ་དག་གི་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ་རེད། དེའི་གོ་སྐབས་དེ་ཧ་ཅང་གིས་དཀོན་པོ་ཞིག་དང་ནམ་རྒྱུན་ཡང་ཡང་ཡོང་རྒྱུ་མེད་པའི་གོ་སྐབས་ཤིག་རེད། ༧གོང་ས་མཆོག་དབུ་བཞུགས་ཀྱིས་བླ་ཆེན་རྣམ་པ་ཚོ་མཉམ་འཛོམས་ཡོང་བའི་དུས་ཚོད་ཉུང་ཉུང་རེད། བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་མ་རུང་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས། སོ་སོའི་སྲོག་ཡན་ཆད་བློས་བཏང་སྟེ་ལས་འགུལ་སྣ་མང་ཞིག་སྤེལ་གྱི་ཡོད་རེད། དེ་ནང་བཞིན་བོད་ནང་གི་བོད་མི་ཚོས་སྡུག་སྦྱོང་མནར་གཅོད་མང་པོ་ཞིག་མྱོང་གི་ཡོད་པ་བཤད་མ་དགོས་པ་རེད། ལས་འགུལ་སྤེལ་སྟངས་ལ་མཚོན་ན་ཡང་གཞན་དང་མི་འདྲ་བར་རྣམ་དཔྱོད་རྩལ་དུ་བཏོན་ནས་ལས་འགུལ་མི་འདྲ་བ་མང་པོ་ཞིག་སྤེལ་གྱི་ཡོད་རེད། རྩ་བས་འཛམ་གླིང་ནང་ལ་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་སྐོར་ལ་ཉམས་ཞིབ་བྱེད་མཁན་དང་དེབ་འདོན་མཁན་དེ་འདྲ་བྱུང་ཡོད་པ་དེ་ཚོས། འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཕྱོགས་ལ་རྣམ་གྲངས་མི་འདྲ་བ་༡༩༨ ཡོད་པ་བཀོད་ཡོད་རེད། བོད་ནང་གི་བོད་མི་ཚོས་གོང་གི་རྣམ་གྲངས་དེ་དག་གི་ཁོངས་སུ་ཚུད་པའི་ལས་འགུལ་སྤེལ་ཐུབ་ཀྱི་འདུག དེ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། བོད་ཀྱི་བདེན་མཐའ་མ་གསལ་བར་དུ་ང་ཚོའི་ལས་འགུལ་འདི་འགྲོ་དགོས་ཀྱི་ཡོད་རེད་”ཅེས་དང་།
ཁོང་གིས་མུ་མཐུད་བརྗོད་དོན“་བོད་མི་གཅིག་གིས་ཚེ་སྲོག་ཤོར་བ་ཡིན་ན་ཡང་ཕངས་སེམས་ཤོར་དགོས་པ་དང་། སེམས་འཚབ་ཡོང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་རེད། དེར་བརྟེན། སོ་སོའི་ཚེ་སྲོག་དེ་རྩ་ཆེན་པོར་བརྩིས་ཏེ་བྱུང་ན་ཚེ་སྲོག་དོར་མི་དགོས་པའི་ཐོག་ནས། མི་ཚེ་གང་བོར་བོད་སྤྱི་པའི་ཆེད་ལས་ཀ་བྱེད་ཐུབ་ན་ཕན་ཐོགས་ཡོང་གི་རེད། ཁ་སང་དམིགས་བསལ་ཆེན་སྐབས་ང་ཚོ་བོད་ནང་གི་བོད་ཚོ་ནམ་ཡང་སེམས་ཤུགས་ཆགས་ཀྱི་མ་རེད་ཅེས་བོད་ནས་ཁ་པར་འབྱོར་སོང་། ཡིན་ན་ཡང་རེ་ས་དང་ལྟོས་ས་དེ་བཙན་བྱོལ་ནང་གི་བོད་མི་ཚོ་ཡིན་པ་ཡང་གསལ་པོ་རེད། དེར་བརྟེན། ང་ཚོ་བཙན་བྱོལ་ནང་གི་བོད་མི་ཚོས་བོད་ནས་བློས་གཏོང་བྱས་བཞག་པ་དེ། རྒྱལ་སྤྱིའི་སྒང་ལ་ཁྱབ་བསྒྲགས་བྱེད་རྒྱུ་དང་། བོད་དོན་རྒྱབ་སྐྱོར་འཚོལ་ཕྱོགས་ཕྱོགས་དེ་ང་ཚོ་མི་རེ་ངོ་རེ་ལ་འགན་ཡོད་རེད། བོད་མིའི་སྒྲིག་འཛུགས་ཞེས་ལབ་དུས། མི་གཅིག་གཉིས་རེར་བདག་པ་དེ་འདྲ་ཆགས་ཀྱི་མ་རེད། ང་ཚོ་བོད་མི་ཡོད་དོ་ཅོག་གིས་སྒྲིག་འཛུགས་འདིའི་འགན་ཁུར་དགོས་པ་གལ་ཆེན་པོ་རེད། ཉེ་ཆར་༧གོང་ས་མཆོག་ཐུགས་ཕམ་བྱུང་བ་དེ། ༧སྐྱབས་མགོན་རིན་པོ་ཆེས་བཙན་བྱོལ་བོད་གཞུང་མེད་པ་བཟོས་སོང་ཞེས། ང་ཚོའི་སྤྱི་ཚོགས་ནང་བོད་མི་ཉུང་ཤས་ཤིག་གིས་བཤད་པ་ལ་བརྟེན་ནས་བྱུང་པ་རེད་མ་གཏོགས། རང་བཙན་དང་ལམ་དབུ་མའི་ལྟ་གྲུབ་བར་གྱི་འགལ་ཟླའི་དབང་གི་མ་རེད་”ཅེས་བརྗོད་སོང་།
དེ་རིང་དགོང་དྲོའི་ལས་འགུལ་མཇུག་སྡོམ་སྐབས་སྲིད་སྐྱོང་བློ་བཟང་སེང་གེས་གཏམ་བཤད་གནང་རྒྱུ་རེད་འདུག །