མ་ཧ་ཏ་མ་གྷན་དྷི་རྗེའི་འཁྲུངས་སྐར་སྲུང་བརྩི།
གྷན་དྷི་རྗེའི་འཁྲུངས་སྐར་དེ་༢༠༠༧ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས། འཚེ་མེད་ཞི་བའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་བཞག་པ་ལྟར། དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁོང་གི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢ ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠ ཀྱི་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་སྒོ་འགྲམ་དུ། སྲིད་སྐྱོང་བློ་བཟང་སེང་གེས་གཙོས། ཕྱག་རོགས་བཀའ་བློན་རྣམ་པ་དང་། གཞན་ཡང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྲི་ཞུ་བ་རྒན་པ་ཁག་ཅིག་མཉམ་འཛོམས་ཀྱིས། རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་གྷན་དྷི་རྗེའི་འཁྲུངས་སྐར་ཉིན་མོ་སྲུང་བརྩིའི་མཛད་སྒོ་སྟབས་བདེ་ཞིག་འཚོགས་སོང་ལ། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་རྗེས། ཚང་མ་བཀའ་ཤག་གི་ཡང་ཐོག་ཏུ་འཛོམས་ཏེ། སྲིད་སྐྱོང་བ་གཙོས་ཚོགས་བཅར་བ་ཚོས་གྷན་དྷི་རྗེའི་སྐུ་པར་ལ་ཁ་དར་བསྒྲོན་ཏེ་འཁྲུངས་སྐར་སྲུང་བརྩི་བྱས་སོང་།
དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེས་འཁྲུངས་སྐར་དང་འབྲེལ་གཏམ་བཤད་གནང་དོན། “དེ་རིང་ གྷན་དྷི་རྗེའི་འཁྲུངས་སྐར་ཉིན་མོར། ང་ཚོ་འདིར་བཀའ་ཤག་དང་ལས་བྱེད་རྒན་པ་འཛོམས་དགོས་དོན་དེ། གྷན་དྷི་རྗེ་ཡིས་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་རྒྱ་གར་གི་རང་བཙན་འཐབ་རྩོད་ཆེད་སྐུ་ངལ་ཧ་ཅང་བསྐྱོན་པ་རེད། དེ་བཞིན་དུ་༢༠༠༧ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས། དེ་རིང་གི་ཉིན་མོ་དེ་རྒྱལ་སྤྱིའི་ཐོག་ནས་འཚེ་མེད་ཞི་བའི་ཉིན་མོར་སྲུང་བརྩི་གནང་རྒྱུའི་གྲོས་ཆོད་བཞག་པ་གཞིར་བཟུང་གིས། ང་ཚོས་ག་དུས་ཡིན་ན་ཡང་གྷན་དྷི་རྗེ་དང་རྒྱ་གར་གྱི་སྤྱི་ཚོགས་གལ་ཆེན་པོར་བརྩི་ཡི་ཡོད་དུས། གུས་ཞབས་དང་བརྩི་བཀུར་ལྡན་པའི་ཐོག་ནས་གྷན་དྷི་རྗེའི་འཁྲུངས་སྐར་སྲུང་བརྩི་བྱེད་ཀྱི་ཡོད་”ཅེས་དང་།
ཡང་ཁོང་གིས་མུ་མཐུད་གསུང་དོན། “གྷན་དྷི་རྗེའི་ལོ་རྒྱུས་ལ་ཆ་བཞག་ན། ༡༨༦༩ ལོར་གྷུ་ཇུ་ར་ཐུའི་ནང་ལ་སྐུ་འཁྲུངས་པ་དང་། དེ་ནས་ཡུལ་དེར་སློབ་སྦྱོང་གནང་རྗེས། ༡༨༨༨ ལོར་དབྱིན་ཇིའི་ལུང་པར་ཁྲིམས་ཀྱི་ཐོག་སློབ་སྦྱོང་གནང་སར་ཕེབས། ༡༨༩༡ ལོར་རྒྱ་གར་དུ་ཕེབས་ནས་ལོ་ཁ་ཤས་ཤིག་བཞུགས་འདུག དེ་ནས་ལྷོ་ཨ་ཧྥི་རི་ཀར་ཕེབས་ནས་ལོ་༢༡ གི་རིང་བཞུགས་འདུག ༡༩༡༥ ལོར་རྒྱ་གར་དུ་ཕེབས་ནས། རྒྱ་གར་གྱི་ཀོང་རེ་སུ་ཚོགས་པའི་ནང་འཛུལ་ཞུགས་ཀྱིས་རྒྱ་གར་གྱི་རང་བཙན་འཐབ་རྩོད་བྱས་པ་རེད། དམིགས་བསལ་གྱིས་ཁོང་གི་རང་བཙན་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་མི་རིགས་དབྱེ་འབྱེད་དང་། ཆོས་ལུགས་རིས་མེད་ཀྱིས་ཐོག་ནས་རྒྱ་གར་གྱི་སྤྱི་ཚོགས་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཡོད་པར་བརྟེན། རྒྱ་གར་གི་པ་ལགས་ལྟ་བུར་ཆགས་པ་རེད། ང་ཚོ་གནས་ས་རྒྱ་གར་ཡིན་དུས་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ཉིན་མོར་ངོས་འཛིན་བྱས་པའི་ཐོག་ནས། གྷན་དྷི་རྗེའི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་བྱེད་ཀྱི་ཡོད་”ཅེས་གསུངས་སོང་།