རྒྱ་གར་བས་བོད་དོན་རྒྱབ་སྐྱོར་གྱི་དམ་བཅའ།

sft1_2012_10_2ཕྱི་ཟླ་༡༠ པའི་ཚེས་༢ སྟེ་སེམས་དཔའ་ཆེན་པོ་གྷན་ངྷིའི་འཁྲུངས་སྐར་སླེབས་པར་ཉིན་གཅིག་ལས་མེད་པའི་སྐབས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་ལྡི་ལི་ནང་གི་ཚོགས་མི་ཁག་གིས་རྒྱ་གར་གྱི་མཐོ་རིམ་སློབ་མ་དང་གཞོན་སྐྱེས་ཚོའི་སར་ནས་བོད་དོན་རྒྱབ་སྐྱོར་གྱི་བསྡུ་རུབ་བྱས་པའི་མཚན་རྟགས་གྲངས་༣༠༠༠་ལྷག་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེསི་ཨམ་ཁིར་ཞི་ནཱ་མཆོག་གི་མཚན་ཐོག་ལ་ཕུལ་ཡོད་པ་རེད།

མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་འདི་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་བ་ཚོགས་མི་ཁག་ཅིག་གིས་རྒྱ་གར་གྱི་རང་བཙན་ཉིན་མོ་དང་སྟབས་བསྟུན་ནས་འགོ་འཛུགས་བྱས་ཤིང་།  རྒྱ་གར་མི་སེར་རང་ངོས་ནས་སྤེལ་བའི་ལས་འགུལ་འདི་བརྒྱུད་ནས་ རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱི་ངོས་ནས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་ཐོག་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དང་རྒྱ་ནག་གཞུང་གི་ངོས་ནས་ད་ལྟའི་བོད་ནང་དུ་སྤེལ་བཞིན་པའི་སྡུག་རྩུབ་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད་ཡོང་བར་འབོད་སྐུལ་ཞུས་ཡོད།

ད་ལྟའི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་༥༢་ལྷག་བརྒལ་བར་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་།  ཁེ་ན་ཌ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཌེན་མེག  ཧྥ་རན་སི།  དབྱིན་ཇི།  བྷེལ་ཇེམ་སོགས་འཛམ་གླིང་གི་རྒྱལ་ཁབ་དང་ཚོགས་སྤྱི་མང་པོ་ཞིག་གིས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐད་ལ་སེམས་འཚབ་དང་འབྲེལ་བའི་བསྒྲགས་གཏམ་ནན་མོ་སྤེལ་ཡོད་པ་རེད།

“ཕྱི་ཟླ་༡༠ པའི་ཚེས་༢ སྟེ་སེམས་དཔའ་ཆེན་པོ་གྷན་ངྷིའི་འཁྲུངས་སྐར་ཉིན་ནི་རྒྱ་གར་རྒྱལ་ཁབ་ཆེན་པོ་འདིས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས། མི་སེར་སྤེལ་བའི་རིང་ལུགས་ཀྱི་དབང་སྒྱུར་ལ་རྒོལ་ལན་དང་ཕྱིར་འབུད་བྱེད་ཐུབ་པའི་ནུས་པ་ཡོད་པ་མཚོན་གྱི་ཡོད་པས། བོད་མི་ཚོའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལའང་བློ་སྤོབས་ཚད་མེད་སྦྱིན་གྱི་ཡོད་”ཅེས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་ཡོངས་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱིས་བརྗོད་སོང་།  ཁོང་གིས་མུ་མཐུད་ནས་“རྒྱ་གར་གཞོན་སྐྱེས་ཚོའི་ངོས་ནས་རྒྱ་གར་གྱི་་ཕྱི་སྲིད་བློན་ཆེན་ལ་ཕུལ་བའི་སྙན་ཞུ་དེས་རྒྱ་གར་གཞོན་སྐྱེས་མི་སྣ་ཁག་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དང་སེམས་འཚབ་བྱེད་ཀྱི་ཡོད་པ་གསལ་བོ་མཚོན་ཡོད་”ཅེས་བརྗོད་སོང་།

sft_2012_10_2ད་དུང་རྒྱ་གར་རྒྱལ་ཡོངས་་ཀྱི་གྲོང་ཁྱེར་ཆེ་ཁག་ལྡི་ལི་དང་།  བྷེང་ལོར།  ཀ་ལི་ཀ་ཏ། ཆེན་ནའད། ཨ་མེད་དི་བྷ་དི།  ཇ་ལན་ངྷིར་སོགས་སུ་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་གིས་འདྲ་པར་གྱི་ལམ་ནས་ལས་འགུལ་ཞིག་ཀྱང་སྤེལ་ཡོད་ལ།  ལས་འགུལ་དེའི་ཁྲོད་དུ་འཛུལ་ཞུགས་གནང་མཁན་གྱི་རྒྱ་གར་གཞོན་སྐྱེས་མི་སྣ་ཚོའི་ལག་ཏུ་བཟུང་བའི་ཤོག་བྱང་ཐོག་“ངའི་གྷན་ངྷའི་འཁྲུངས་སྐར་ཉིན་མོ།  ངས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱེད་པའི་དམ་བཅའ་འཇོག་གི་ཡིན།”ཞེས་འཁོད་འདུག

ད་དུང་དེ་ཙམ་དུ་མ་ཟད།  རྒྱ་ནག་གི་འགོ་ཁྲིད་ཀྱི་འཕོ་འགྱུར་སླེབས་ལ་ཉེ་བའི་དུས་འདིར།  རྒྱ་ནག་གི་མི་རབས་ལྔ་པའི་དབུ་ཁྲིད་ཞི་ཅིན་ཕིན་གྱིས་ངེས་པར་དུ་བོད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་སྐོར་གྱི་ངོ་རྒོལ་ལས་འགུལ་ཞིག་ཕྱི་ཟླ་༡༠ པའི་ཚེས་༣ ཉིན་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་ཁྱོན་ཡོངས་སུ་དུས་མཉམ་གཅིག་ཏུ་སྤེལ་འཆར་ཡོད་ལ།  ལས་འགུལ་དེའི་ཁྲོད་དུ་མི་ལོ་དྲུག་ཅུ་རིང་རྒྱ་ནག་དམར་པོའི་སྲིད་གཞུང་དང་འགོ་ཁྲིད་ཁག་གིས་བོད་ནང་དུ་སྤེལ་བའི་སྡུག་རྩུབ་ཀྱི་སྲིད་ཇུས་ལ་སྐྱོན་བརྗོད་ཚ་ནན་བྱེད་རྒྱུའི་གྲ་སྒྲིག་ཡོད་པ་རེད།།

བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་མི་ཚོའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་ལས་འགུལ་འདྲ་མིན་རྩོམ་གྱིན་ཡོད།  ང་ཚོ་ནི་ལས་འགུལ་པ་དང་གཞོན་སྐྱེས་མི་སྣས་གྲུབ་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་པ་ཞིག་ཡིན་ལ།  ཤེས་ཡོན་དང་།  འཚེ་མེད་ཞི་བའི་ལས་འགུལ།གཞི་རིམ་གྱི་བཀོད་སྒྲིག་ལ་སོགས་པའི་སྦྱོང་བརྡར་ཁག་བརྒྱུད་ནས་བོད་མིའི་གཞི་རྩའི་ཐོབ་ཐང་དང་ཆབ་སྲིད་ཀྱི་རང་དབང་རྩོད་ལེན་བྱེད་ཀྱིན་ཡོད་ལ།ང་ཚོའི་ལས་གཞི་ཁག་བརྒྱུད་ནས་གཞོན་སྐྱེས་ཚོར་འགོ་ཁྲིད་ཀྱི་སྦྱོང་བརྡར་སྤྲད་དེ་ཁོང་ཚོས་མ་འོངས་པར་འཛམ་གླིང་ནང་གི་དྲང་བདེན་གྱི་འཐབ་རྩོད་དང་ལས་འགུལ་ཁག་གི་ཁྲོད་དུ་སྣེ་ཁྲིད་བྱེད་ཐུབ་པའི་ནུས་པ་བསྐྱེད་བསྲིང་བྱེད་རྒྱུ་དེ་ཡིན།
གནས་ཚུལ་མཁོ་གཏོང་བ་ཚེ་རིང་བཀྲ་ཤིས།

ཁྱེད་ཀྱིས་གཟིགས་མེད་སྲིད།