དྷ་སར་ས་ཡོམ་རིམ་པ་འབྲིང་གྲས་ཐེངས་ཁ་ཤས་བརྒྱབ་སོང་།

ཟླ་འདིའི་ཕྱི་ཚེས་༢ དང་༣ ཉིན་སྟེ་ཉིན་གཉིས་སོ་སོར་དྷ་སར་ས་ཡོམ་ཐེངས་ཁ་ཤས་ཤིག་བརྒྱབ་ཡོད་ཀྱང་། ས་གནས་ཡུལ་མི་དང་སྡོད་ཁང་སོགས་ལ་གོད་ཆག་གང་ཡང་བྱུང་མེད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩། ༡༥ སྟེང་། དྷ་སར་ས་ཡོམ་རིམ་པ ༤ .༥ ཅན་ཞིག་དང་། དགོང་དྲོའི་ཆུ་ཚོད་༢། པའི་སྟེང་རིམ་པ་༤ . ༩ ཅན་གྱི་ས་ཡོམ་ཐེངས་གཉིས་བརྒྱབ་ཡོད་པ་དང་། དེ་བཞིན་ཕྱི་ཚེས་༣ ཉིན་གྱི་དགོང་དྲོའི་ཆུ་ཚོད་༣ དང་མཚན་གྱི་ཆུ་ཚོད་༡༡། ༢༠ ཙམ་སོ་སོེར་ཡང་ས་ཡོམ་ཐེངས་གཉིས་བརྒྱབ་ཡོད་ན་ཡང་། ས་གནས་ཡུལ་མི་དང་སྡོད་ཁང་སོགས་ལ་གོད་ཆག་གང་ཡང་བྱུང་མེད་པ་རེད།

དེ་ཡང་རྒྱ་གར་གྱི་དུས་བབ་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཐེངས་འདིའི་ས་ཡོམ་རྒྱག་ས་གཙོ་བོ་དེ་ཇཱ་མུ་ཀ་ཤི་མིར་དང་། མངའ་སྡེ་དེའི་ས་མཚམས་སུ་ཡོད་པའི་ཧི་མ་ཅལ་ནང་གི་ཀམ་པ་རྫོང་དང་། ལ་ཧུལ། སུསྤི་ཏི་བཅས་ཡིན་པ་རེད་འདུག་ལ། རྩ་བས་ས་ཡོམ་གྱི་རིམ་པར་ཤུགས་ཚད་ཆེ་ཆུང་མང་པོ་ཡོད་པ་ལྟར། རྒྱ་གར་གནམ་གཤིས་སྔོན་བརྡ་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་མཱན་མོན་ཧན་སིང་གིས། ཐེངས་འདིའི་ས་ཡོམ་གྱི་རིམ་པ་དེ་ཤུགས་ཚད་འབྲིང་བའི་གྲས་ཡིན་སྐོར་བརྗོད་ཡོད་འདུག

ཕྱི་ལོ་༡༩༠༥ ལོར་ཡང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་ས་ཡོམ་རིམ་པ་༧ .༨ ཅན་ཞིག་བྱུང་སྟེ། སྐབས་དེར་ཡུལ་མི་སྟོང་ཕྲག་ཉི་ཤུས་ཚེ་སྲོག་ཤོར་བ་དང་། བསྡོམས་པའི་ཁང་ཁྱིམ་འབུམ་གཅིག་དང་། སྒོ་ཕྱུག་སྟོང་ཕྲེག་ལྔ་བཅུ་ང་གསུམ་ལ་སྲོག་སྐྱོན་བྱུང་ཡོད་པ་རེད། སྐབས་དེར་ས་ཡོམ་བྱུང་ས་གཙོ་བོ་ཀང་ར་རྫོང་དང་། དྷ་ཤོད། མེག་གྷན་བཅས་ཡིན་པ་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།