མར་མེའི་ཁྲོམ་སྐོར།

news from mundgod youth 2012  10   04 3ཟླ་འདིའི་ཚེས་༤  ཉིན་གྱི་དགོང་དྲོ་ཆུ་ཚོད་ ༦ པའི་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ཕྱི་ཟླ་༩  པའི་ཚེས་༢༩  ཉིན་བོད་ནང་ཁམས་ཡུལ་ཤུལ་རྫ་སྟོད་དུ་རང་ལུས་མེར་སྲེག་གཏོང་མཁན་ཁམས་ཆབ་མདོ་ནས་ཡིན་པའི་གཡང་དྲུང་ལགས་དང་།

  ཕྱི་ཟླ་༡༠ ཚེས་༤ ཉིན་བོད་ནང་ཁམས་འབྲི་རུ་རྫོང་ནས་ཡིན་པའི་བོད་མི་དགུ་འགྲུབ་ཟེར་བ་གཉིས་ཀྱིས་བོད་ལ་རང་དབང་དང་རང་བཙན་དགོས།  ༧གོང་ས་རྒྱལ་བ་རིན་པོ་ཆེ་དང་རྒྱལ་བ་ཀརྨ་པ་རྣམ་གཉིས་བོད་ལ་གདན་འདྲེན་ཞུ་དགོས་ཞེས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་རིམ་པ་བྱས་ཡོད་པར། ཁོང་རྣམ་པ་གཉིས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མར་མེ་ཁྲོམ་སྐོར་དང་བསྔོ་སྨོན་མཆོད་འབུལ་གྱི་ལས་འགུལ་ཞིག་སྤེལ་སོང་།

གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ནང་མོན་གྷོ་ས་གནས་གཞིས་གྲོང་ཁག་དགུའི་ནང་ཡོད་ས་གནས་གཞོན་ལྷན་དང་བུད་མེད་ཚོགས་པ་གཉིས་ཀྱི་ཚོགས་མི་ཡོངས་ཁོངས་སོ་སོ་ནས་རུ་བསྒྲིགས་ཀྱི་ལག་ཏུ་བོད་ཀྱི་རྒྱལ་དར་དང་འཕྲེད་དར་འདྲ་མིན་ཐོགས་ཏེ། བྱང་ཆུབ་སེམས་མཆོག་མ་སྐྱོར་བཞིན་གཞིས་གྲོང་གསུམ་པའི་ཉེ་འཁྲིས་ས་གཞོན་ཚོགས་ཁང་དུ་མཉམ་འཛོམས་ཐོག བདེན་ཚིགས་སྨོན་ལམ་དང་རྒྱལ་བའི་ཞབས་བརྟན་གསོལ་འདེབས་སོགས་རིམ་པས་གསུངས་རྗེས། མྱ་ངན་གུས་འདུད་མཚོན་ཆེད་དུ་ངག་བཅད་སྐར་མ་གཅིག་རིང་ཞུས་ཡོད་པ་རེད།

news from mundgod youth 2012  10   04 2ས་གཞོན་ཚོགས་གཙོ་པདྨ་ཚེ་རིང་གིས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་དོན།   དེ་རིང་འདི་ལྟར་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་དགོས་དོན།   བོད་ནང་གི་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་དང་ལྷག་པར་ཉེ་ཆར་སྐུ་ལུས་རང་སྲེག་གཏོང་མཁན་ཁམས་ཆབ་མདོ་ནས་བོད་མི་གཡུང་དྲུང་ལགས་དང་ཁམས་འབྲི་རུ་རྫོང་ནས་དགུ་འགྲུབ་ལགས་གཉིས་ཀྱིས་བོད་མི་ས་ཡ་དྲུག་གི་རང་དབང་རང་བཙན་ཆེད་དུ་རྩ་ཆེའི་སྐུ་སྲོག་བློ་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།   ཁོང་ཚོས་ང་ཚོ་ལ་རེ་བ་ཆེན་པོ་ཞིག་རྒྱབ་ཡོད་པ་ཁ་ཙན་བཅད་ནས་བརྗོད་ཐུབ་པ་ཞིག་རེད།   ང་རང་ཚོ་རང་དབང་ལུང་པར་འཚོ་སྡོད་བྱེད་མཁན་ཚོའི་ངོས་ནས་སོ་སོའི་ལྟོ་གོས་གཏམ་གསུམ་ལ་འགོ་འཁོར་ནས་མི་སྡོད་པར། འཛམ་གླིང་རྒྱལ་སྤྱིའི་ཐོག་བོད་སྐྱོབ་རེ་འབོད་དང་སྦྲགས་ད་ལྟའི་བོད་ནང་གིས་ཛ་དྲགས་གནང་སྟངས་དང་། ལྷག་པར་དུ་ཚད་མཐོའི་འཚེ་མེད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ལམ་དངོས་བྱུང་གནས་སྟངས་འདི་དག་ཁ་ཙམ་མིན་པར་དོན་གྱི་གསལ་བསྒྲགས་འགྲེལ་བརྗོད་བྱེད་ཐབས་སུ་འབད་རྩོན་ལྷོད་མེད་བྱེད་རྒྱུར་ང་ཚོའི་ཕྲག་ཏུ་བབ་པའི་འོས་འགན་ཉག་གཅིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཅེས་སོགས་གསུངས་སོང་། དེ་རྗེས་ཆུ་ཚོད་བྱེད་ཙམ་གྱི་རིང་མ་ཎི་བསྔོ་སྨོན་གསོགས་སྒྲུབ་གནང་སོང་།

རྒྱ་གར་ལྷོ་ཕྱོགས་ནས་ས་གནས་གསར་འགོད་པས།

ཁྱེད་ཀྱིས་གཟིགས་མེད་སྲིད།