རང་བཙན་སླར་གསོ་ནི་མི་རབས་གསར་པའི་མདུན་ལམ་ཡིན།
ཁ་སང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་༤༣ བའི་དུས་དྲན་སྲུང་བརྩི་དང་འབྲེལ། ལོ་འདིའི་བོད་ཀྱི་རྒྱལ་གཅེས་དཔའ་བོའི་རྗེས་དྲན་རྐང་རྩེད་སྤོ་ལོའི་འགྲན་སྡུར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཞིག་དྷ་ས་གངས་སྐྱིད་རྩེད་ཐང་དུ་འཚོགས་སོང་།
དེ་ཡང་དྷ་ས་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག ལོ་རྟག་པར་བོད་ཀྱི་དཔའ་བོའི་རྗེས་དྲན་ལག་རྩེད་སྤོ་ལོ་འགྲན་སྡུར་བྱེད་ཀྱི་ཡོད་པ་ལྟར། ཕྱི་ལོ་༢༠༡༢ ལོའི་བོད་ཀྱི་དཔའ་བོའི་རྗེས་དྲན་ལག་རྩེད་སྤོ་ལོ་འགྲན་སྡུར་དེ། ཕྱི་༩ པའི་ཚེས་༢༡ ཉིན་ནས་འགོ་བརྩམས་ཏེ། དྷ་ས་གངས་སྐྱིད་གཞོན་ནུའི་རྩེད་ཐང་དུ་འགྲན་རྩོད་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་༧ ཉིན་སྟེ་ཉིན་མཐའ་མའི་རྩེད་འགྲན་གྱི་གཟེངས་རྟགས་འབུལ་བཞེས་དང་སྟབས་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་༤༣ འཁོར་བའི་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རཱམ་སུ་ཝ་རིས་གཙོས། གཞོན་ནུའི་ཚོགས་གཙོ་ཟུར་པ་ལྷ་བཟང་ཚེ་རིང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། དྲུང་ཆེ། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ས་གནས་མི་མང་བཅས་མཉམ་འཛོམས་བྱས་འདུག་ལ། མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོས་སྣང་གསལ་མར་མེའི་ཞལ་འབྱེད་དང་། ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད། རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་དཔའ་མོ་ཚོར་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་གྲུབ་མཚམས། གཞོན་ནུའི་མཐུན་གཞས་བཏང་སྟེ་མཛད་སྒོ་དངོས་སུ་དབུ་འཛུགས་བྱས་སོང་།
དེ་ནས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གཞུང་འབྲེལ་གསུང་འཕྲིན་སྒྲོགས་སྦྱང་གནང་དོན། “ཕྱི་ལོ་༡༩༧༠ ཟླ་བ་༡༠ པའི་ཚེས་༧ ཉིན་དགྲ་བོ་རྒྱ་དམར་བོད་ནས་མཐར་བསྐྲོད་དང་། བོད་རང་བཙན་སླར་གསོའི་ཆེད་བོད་མི་སྤྱི་དང་། ལྷག་པར་བོད་མི་ན་གཞོན་ཚང་མས་ནུས་པ་ཡོངས་རྫོགས་ཕྱོགས་གཅིག་ཏུ་སྤུངས་ནས། ལས་འགུལ་རང་བཞིན་གྱི་ལྷན་ཚོགས་འདི་བཙུགས་ནས་ལོ་ངོ་༤༣ འཁོར་ཡོད། ལོ་ངོ་དེ་དག་གི་རིང་ལྷན་ཚོགས་འདིའི་ཐོག་མའི་དམིགས་ཡུལ་ལ་འགྱུར་བ་སྤུ་ཙམ་མེད་པར། བོད་རང་བཙན་སླར་གསོའི་འཐབ་རྩོད་གཞི་རྩར་བཟུང་སྟེ། སྤྱི་ཚོགས་ཞབས་ཞུ། མང་གཙོའི་འཕེལ་རིམ། བོད་མིའི་ཆིག་སྒྲིལ་གྱི་ནུས་པ་གོང་འཕེལ་དང་སྲ་བརྟན། ལྷག་པར་བོད་དོན་ལས་འགུལ་ས་གནས་དང་། རྒྱལ་སྤྱིའི་སྟེང་སྔར་ལས་ཚད་མཐོ་རུ་འགྲོ་བཞིན་ཡོད་པའི་དབང་གིས། སྒྲིག་འཛུགས་འདིར་དགྲ་ཕྱོགས་ནས་སྡང་སེམས་དང་། ལྷན་ཚོགས་འདི་རྩ་མེད་བཟོ་ཆེད་འཇིགས་སྐུལ་རིང་ལུགས་པ་ཟེར་བ་སོགས་ཀྱིས་མ་ཉེས་ཁ་ཡོག་བྱེད་བཞིན་ཡོད་ན་ཡང་། གཉེན་ཕྱོགས་ཀྱི་རྒྱབ་སྐྱོར་དང་། ལྷག་པར་༧གོང་ས་མཆོག་གི་ཐུགས་རྗེའི་བྱིན་རླབས་དང་། ཡང་སྒོས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ཀྱི་བརྕེ་སེམས་དང་། གདུང་སེམས་མཉམ་བསྐྱེད་ལ་བརྟེན་ནས། སླར་ལྷག་ནུས་པ་གོང་མཐོར་འགྲོ་བཞིན་པ་ནི། བོད་རང་བཙན་འཐབ་རྩོད་པ་ཡོངས་ཀྱི་གཟི་བརྗིད་ཅིག་ཡིན།
ད་དུང་བོད་མི་རིགས་ཆགས་འཇིག་གི་གཉན་འཕྲེང་ཅན་གྱི་དུས་ཚོད་འདི་དང་། ལྷག་པར་འདས་པའི་ལོ་ངོ་གཅིག་ལྷག་གི་ནང་། བོད་མིའི་དཀའ་སྡུག་སེལ་ཐབས་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ། དགྲ་བོ་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་ཆེད། བོད་ཕྱི་ནང་གཉིས་སུ་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས་ལས་འགུལ་སྤེལ་བ་དེ་དག འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་ཡིན་པ་ངོས་འཛིན་ཆེད། འདི་ལོའི་གཞོན་ནུའི་འགན་འཛིན་ལྷན་ཚོགས་ཐེངས་༤༣ པས་ཐོག་གྲོས་ཆོད་བཞག་ཡོད་པ་ལྟར། དེ་རིང་ཡང་གོ་སྐབས་འདི་བརྒྱུད་རྒྱལ་གཅེས་པ་ཁོང་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ལ་ཡིད་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། བོད་ཕྱི་ནང་གཉིས་སུ་གཞན་ལ་གནོད་འཚེ་སྤུ་ཙམ་མེད་པར་རང་གི་སྐུ་ལུས་མེ་མཆོད་དང་། ལྷག་པར་བོད་ནང་རྒྱ་ནག་སྲིད་གཞུང་གི་དྲག་གནོན་འོག གཞིས་ལུས་སྤུན་ཟླ་རྣམས་ཉིན་མཚན་དུས་དྲུག་ཏུ་འཇིགས་སྣང་ངང་གནས་བཞིན་པའི་སྐབས་དེར། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་གཏམ་སྙན་པོ་དང་། ཚིག་མཁས་པོ་སོགས་ཀྱིས་མི་ཕན་པར་ཁ་ཚ་དགོས་གཏུགས་ཀྱི་ལས་འགུལ་སྤེལ་དགོས་པ་ནི། སྐབས་བབ་ཀྱི་དགོས་མཁོ་དང་ང་ཚོའི་ཕྲག་ཏུ་བབ་པའི་ལས་འགུལ་ཡང་ཡིན། ལྷག་པར་ང་ཚོས་ཤེས་རྟོགས་བྱུང་བའི་གནས་ཚུལ་གཅིག་པུར་མཚོན་ན་ཡང་། ཕྱི་༢༠༠༩ ནས་ད་ལྟའི་བར་བོད་མི་༥༤ ནས་སྐུ་ལུས་མེར་བསྲེག་བཏང་ཟིན་པར་སོང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་དབུ་ཁྲིད་ཁག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲད་པ་བརྒྱུད། བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་དུས་ལ་བབ་ཡོད་སྐོར་དྲན་གསོ་ཞུ་རྒྱུ་ཡིན་”ཞེས་དང་།
ཡང་ཁོང་གིས“་ང་ཚོ་བོད་མི་ཚོས་བོད་རང་བཙན་སླར་གསོ་བྱེད་དགོས་པ་ནི། ལོ་རྒྱུས་ཀྱིས་སྤྲད་པའི་འགན་དབང་དང་། མ་འོངས་བོད་རྒྱལ་ཁབ་དང་མི་རབས་གསར་པ་ཚོའི་མདུན་ལམ་ཡང་ཡིན། ང་ཚོའི་འཐབ་རྩོད་སྟོབས་ཤུགས་གཙོ་བོ་ནི། ལོ་རྒྱུས་ཀྱི་བདེན་པ་དང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་ཆིག་སྒྲིལ། ལྷག་པར་བོད་མི་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་དེ་དག་ཡིན་པས། ལོ་ངོ་བཅུ་ཕྲག་ལྷག་གི་ནང་རྒྱ་གཞུང་གིས་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་དང་བྱེད་བཞིན་ཡོད་ན་ཡང་། བོད་རང་བཙན་འཐབ་རྩོད་ཀྱི་ནུས་པ་ཉམས་མེད་ཇེ་ཆེར་འགྲོ་བཞིན་པ་ནི། ང་ཚོ་བོད་གངས་ཅན་པ་ཡོངས་ཀྱི་སྤོབས་པ་དང་སྟོབས་ཤུགས་ཡིན་”ཞེས་བརྗོད་སོང་།
མཐར་ཁོང་གིོས“་རྒྱ་གཞུང་གིས་ངན་ཇུས་ཇི་ལྟར་སྤེལ་རུང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས། བོད་ཀྱི་གནད་དོན་དེ་འཛམ་གླིང་ས་ཡི་གོ་ལ་འདིའི་ཐོག མི་ཉམས་པར་གསོན་པོར་གནས་ཐུབ་པ་༧གོང་ས་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་ཆབས་ཅིག ༧་གོང་ས་མཆོག་ནས་ང་ཚོར་མང་གཙོའི་ལམ་ལུགས་བཟང་པོ་གནང་ཡོད་པ་དེ་དག་བདག་གཅེས་དང་། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་བོད་མི་ཚང་མས། བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་བོད་སྤྱིའི་ལས་དོན་ཐོག་རང་ནུས་གང་ཡོད་བྱེད་དགོས་པའི་དུས་ལ་བབ་ཡོད་སྟབས། གཞོན་ལྷན་སྒྲིག་འཛུགས་ཀྱི་ངོས་ནས་བོད་སྤྱིའི་རྩ་དོན་ཆེད་སྔར་ལྷག་འབད་བརྩོན་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད། བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱལ་ཁ་འཐོབ་རྒྱུ་ཡིན་པར་ཐེ་ཚོམ་རྩ་བ་ནས་མེད། འཛམ་གླིང་འདིའི་ཐོག་བདེན་པའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པའི་དཔེ་མཚོན་མང་པོ་ཡོད། དེར་བརྟེན། ང་ཚོ་ཚང་མས་བོད་རྒྱལ་ཁབ་ཀྱི་མི་རིགས་དང་རྩ་དོན་འཐབ་རྩོད་ཆེད། རྡོག་རྩ་ཆིག་སྒྲིལ་གྱིས་ལས་འགུལ་གཅིག་རྗེས་གཉིས་མཐུད་ཀྱིས་སྤེལ་བ་ཡིན་ན། བདེན་པའི་མཐའ་གསལ་རྒྱུ་ཡིན་པར་ཐེ་ཚོམ་ག་ལ་ཡོད་”ཅེས་བརྗོད་སོང་།
དེ་ནས་ཐེངས་དེའི་སྐུ་མགྲོན་གཙོ་བོས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་གནང་སོང་།
མཐར་ས་གནས་གཞོན་ནུའི་ཤེས་རིག་འགན་འཛིན་བསྟན་འཛིན་བཙོན་འགྲུས་ཀྱིས། ས་གནས་ཀྱི་ལོ་འཁོར་ལས་སྡོམ་སྒྲོགས་སྦྱང་གནང་སྐབས། དྷ་ས་ས་གནས་གཞོན་ལྷན་སྐབས་༡༤ པས་ལོ་གཅིག་གི་རིང་ལས་འགུལ་༦༧ བྱས་ཡོད་སྐོར་དང་། ཉེ་ཆར་གཞོན་ལྷན་དབུས་རྒྱུན་གསུམ་གྱིས་བོད་མིའི་རྩ་དོན་ཆེད་ཟས་བཅད་ངོ་རྒོལ་བྱེད་སྐབས། རྒྱ་གར་གྱི་ཉེན་རྟོག་པས་གནོན་ཤུགས་འོག་མི་འདོད་བཞིན་ལས་འགུལ་མཚམས་འཇོག་བྱེད་དགོས་བྱུང་ཡོད་སྐོར། ཚོགས་གཞོན་དོན་འགྲུབ་ལྷ་དར་སྨན་ཁང་ནས་བཅའ་བཅོས་བྱེད་དགོས་བྱུང་ཡོད་པས། ད་དུང་ཡང་སྨན་ཁང་དུ་ཡོད་པས་བོད་མི་ཚང་མས་ཁོ་རང་མགྱོགས་པོར་དྲག་ཐབས་ཆེད་སྨོན་ལམ་འདེབས་དགོས་སྐོར་སོགས་བརྗོད་སོང་།
དངོས་གཞིའི་མཛད་སྒོ་གྲུབ་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་གི་བུ་མོའི་རུ་ཁག་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་བུ་མོའི་རུ་ཁག་གཉིས་ཀྱི་བར་འགྲན་སྡུར་གྱིས། ཤེས་རབ་དགའ་ཚལ་སློབ་གླིང་བུ་མོའི་རུ་ཁག་ལ་མཐའ་མའི་རྩེད་འགྲན་གྱི་རྒྱལ་ཁ་ཐོབ་ཡོད་པ་དང་། བུའི་རྩེད་འགྲན་སྡེ་ཚན་ནང་རྩེད་འགྲན་པའི་རུ་ཁག་༡༠ ཡོད་པ་ལས་རྩེད་འགྲན་པ་ཡག་ཤོས། གྷ་རུ་ཊ་རུ་ཁག་དང། ཤེས་རབ་དགའ་ཚལ་སློབ་གླིང་རུ་ཁག་གཉིས་ཀྱི་མཐའ་མའི་འགྲན་སྡུར་གྱིས། ༢༠༡༢ ལོའི་བོད་ཀྱི་དཔའ་བོའི་རྗེས་དྲན་ལག་རྩེད་སྤོ་ལོ་འགྲན་སྡུར་གྱི་གཟེངས་རྟགས་དེ། གྷ་རུ་ཊ་རུ་ཁག་ལ་ཐོབ་སྟེ། ཤེས་རབ་དགའ་ཚལ་སློབ་གླིང་རུ་ཁག་ཨང་གཉིས་པ་དང་། གྷ་རུ་ཊ་རུ་ཁག་ཨང་དང་པོ་ཆགས་ཡོད་པ་རེད། །