ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་གྱི་ཚོགས་ཆེན།
ཟླ་འདིའི་ཚེས་༧ གྲོང་ཁྱེར་ཐའེ་ཀྲུང་དུ་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་མ་དངུལ་འདུ་འགོད་ཀྱི་ཚོགས་ཆེན་ཐེངས་གཉིས་པ་དངོས་སུ་འཚོགས་ཡོད་པ་རེད།
དེ་ཡང་ཚེས་༧ གྱི་ཞོགས་པ་ཆུ་ཚོད་བཅུ་པ་ནས་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་གྱི་མ་དངུལ་འདུ་འགོད་དང་ལས་འཆར་ཁྱབ་བསྒྲགས་ཀྱི་ཚོགས་ཆེན་དེ་ཐའེ་ཀྲུང་ཀ་ཐོགཿརིག་འཛིན་ཆེན་པོའི་ཆོས་ཚོགས་སུ་འཚོགས་ཤིང་། དེ་ཡང་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་ལས་འཆར་ཚོགས་པའི་ཚོགས་གཙོ་མཁན་པོ་ཆོས་ཉིད་དོན་རྟོགས་དང་། སྐབས་འདིའི་མ་དངུལ་འདུ་འགོད་ཀྱི་གཙོ་འགན་གོ་སྒྲིག་པ་དང་། དྲ་བརྙན་ཚོགས་པའི་རྒྱུན་ལས་ཀཿཐོག་རིག་འཛིན་ཆེན་པོ། དྲ་བརྙན་རྒྱུན་ལས་མཁན་པོ་ཚེ་རིང་བཀྲ་ཤིས། སློབ་དཔོན་བསོད་ནམས་ཕུན་ཚོགས། དེ་བཞིན་རྒྱལ་སྤྱིིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་སོགས་ཀྱིས་དྲ་བརྙན་ཚོགས་པའི་དམིགས་ཡུལ་དང་ལས་འཆར། དེ་བཞིན་ད་སྔོན་གྱི་གཞི་རྩའི་གྲ་སྒྲིག་ལས་དོན་གྱི་སྐོར། གཞན་དུས་རབས་འདི་ལ་སངས་རྒྱས་ཀྱི་བསྟན་པ་ཡུན་དུ་གནས་པ་དང་། ཁྱད་པར་སྐྱེ་བོ་དེ་ལས་མང་བ་དག་གིས་སངས་རྒྱས་ཀྱི་བསྟན་པའི་དངོས་འབྲེལ་གྱི་ནང་དོན་རྟོགས་དགོས་ན་དྲ་བའི་རིག་གནས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་དར་སྤེལ་གཏོང་ཕྱོགས་ཀྱི་ལམ་ཁ་འཚོལ་དགོས་པ་སོགས་ལ་ནན་བཤད་གནང་། དེ་རྗེས་དགེ་འདུན་པ་དང་ཚོགས་ཞུགས་མི་མང་བཅས་ལྷན་དུ་པཎ་ཆེན་བློ་བཟང་ཆོས་བརྒྱན་གྱིས་མཛད་པའི་སྨན་བླའི་མདོ་ཆོག་གསུངས་ཤིང་།
ཉིན་གུང་གསོལ་ཚིགས་རྗེས་ཆོས་ཚོགས་ཀྱི་མགྲོན་བསུ་ཁང་དུ་མཁན་སྤྲུལ་རྣམ་པས་འབྱུང་འགྱུར་གྲ་སྒྲིག་གི་ལས་དོན་སྐོར་ལ་ཆུ་ཚོད་གཉིས་རིང་གི་ཚོགས་འདུ་ཞིག་ཀྱང་འཚོགས།
ད་སྔའི་བར་གྱི་ཞལ་འདེབས་ཀྱི་གྲངས་ཚད་དང་། གཞི་རྩའི་སྒྲིག་ཆས་ཉོ་སྒྲུབ་དང་། བརྙན་ལེན་དང་སྒྲིག་སྦྱོར་སོགས་ཀྱི་ལས་བྱེད་མི་སྣའི་གླ་ཆ་སོགས་ས་གནས་ཀྱི་གནས་བབ་དང་མཐུན་པའི་སྔོན་རྩིས་ལྟར་ན་ཉིས་སྟོང་བཅུ་གསུམ་གྱི་ལོ་འགོར་དངོས་སུ་མགོ་འཛུགས་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་རེད།
མཐར་ཕྱི་དྲོ་ཆུ་ཚོད་ལྔ་དང་ཕྱེད་ཀའི་ཐོག་ཐེངས་འདིའི་ཚོགས་འདུ་གྲོལ་བ་དང་། དེ་ཡང་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་ཚོགས་པ་འདི་ནི་ད་ལྟའི་ཆར་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཁོངས་གཏོགས་ཀྱི་སྡེ་ཚན་ཞིག་ཡིན། དེ་ཡང་། འདི་ལོའི་ལོ་མགོར་བོད་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་མཁན་སྤྲུལ་དགེ་བའི་བཤེས་གཉེན་མང་པོ་ཞིག་ཐེངས་མང་ཚོགས་འདུ་རིམ་པ་བརྒྱུད་ཐའེ་ཝན་དུ་འདི་ལྟ་བུའི་ལས་ཀ་ཞིག་དགོས་ངེས་ཡིན་པའི་སྤྱི་མོས་ཐག་གཅོད་ལྟར་གྲ་སྒྲིག་ཚོགས་པ་བཙུགས་ཤིང་། དེ་ཡང་ཞིབ་འཇུག་ཚོགས་པ་འདིའི་ཆ་ཤས་ཀྱི་མིང་ཐོག་ནས་འཛུགས་རྒྱུར་སྤྱི་མོས་བྱུང་།
སྤྱི་ཟླ་བདུན་པར་རྒྱལ་ས་ཐའེ་པེ་རུ་མ་དངུལ་འདུ་འགོད་དང་། ཁྱབ་བསྒྲགས་ཀྱི་ཚོགས་འདུ་ཐེངས་དང་པོ་འཚོགས། དེ་བཞིན། ཁྱབ་བསྒྲགས་ཚོགས་པ་ཐེངས་གསུམ་པ་དེ་སྤྱི་ཟླ་བཅུ་གཉིས་པའི་མགོ་ཡས་མས་ལ་ཐའེ་ཝན་ལྷོ་ཕྱོགས་ནས་འཚོགས་གཏན་ཁེལ་ཡོད་པ་རེད།
དེ་ཡང་ད་ལྟའི་ཆར་ས་དགེ་བཀའ་རྙིང་གི་མཁན་སྤྲུལ་དགེ་བཤེས་གསུམ་རེ་ཇོ་ནང་གི་གཅིག་བཅས་རྒྱུན་ལས་མཁན་སྤྲུལ་དགེ་བཤེས་སློབ་དཔོན་བཅས་བཅུ་གསུམ་དང་། ཁོངས་གཏོགས་ཚོགས་མིའི་ཆོས་ཚོགས་ཉི་ཤུ་བརྒལ་བ་བཅས་ཡོད། ད་དུང་ཡང་། བོད་བརྒྱུད་ཀྱི་ཆོས་ཚོགས་བརྒྱ་བརྒལ་བ་ཚོགས་མིའི་མིང་ཐོག་ཐོག་ནས་མཉམ་ཞུགས་ཐུབ་རྒྱུའི་རེ་བ་དང་འབད་བརྩོན་བྱེད་བཞིན་ཡོད་པ་རེད།
ཁྱད་པར་ཉེ་ཆར་ཟླ་བ་བདུན་པར་ས་སྐྱ་༸ཁྲི་ཆེན་རིན་པོ་ཆེ་ཐའེ་ཝན་དུ་ཕེབས་སྐབས་མཁན་སྤྲུལ་དགེ་བཤེས་རྣམ་པ་ཆེད་གཅར་གྱིས་ལས་འཆར་ཡོངས་རྫོགས་སྙན་གསེང་ཞུས་པར་ཐུགས་བརྙེས་ཚོར་ཆེན་པོས་རྒྱབ་གཉེར་གྱི་ཕྱག་ཡིག་དང་ལམ་སྟོན་གྱི་བཀའ་སློབ། རྒྱབ་སྐྱོར་གྱི་ཞལ་འདེབས་བཅས་བསྩལ་པར་མ་ཟད། སྐབས་དེར་རྒྱུན་ལས་ཚོགས་མིའི་ཁོངས་སུ་ས་སྐྱའི་ཆོས་བརྒྱུད་གཅིག་ལས་ཞུགས་མེད་པ་གཟིགས་སྐབས་ཁོང་སྐུ་ངོ་མས་ཐའེ་ཝན་གྱི་ས་སྐྱའི་༸ཁྲི་ཆེན་དང་། ༸བདག་ཆེན་རིན་པོ་ཆེ་རྣམ་པ་གཉིས་ཀྱི་ཆོས་ཚོགས་གཙོ་བོ་གཉིས་རྒྱུན་ལས་སུ་ཞུགས་དགོས་པའི་བཀའ་བཀོད་གནང་།
དེ་བཞིན་རང་གཞུང་དོན་གཅོད་ཀྱི་ཆོས་དགེ་མཆོག་རྒྱུན་ལས་ཀྱི་ཁོངས་སུ་ཡོད་མུས་ལ། གཞན་ཆོས་བརྒྱུད་ཁག་གི་བླ་སྤྲུལ་ཆེ་ཁག་རྣམ་པས་ཀྱང་། ངག་ཐོག་དང་ཡིག་ཐོག་བཅས་སོ་སོ་ནས་ཚོགས་པ་འདིར་ངོས་འཛིན་དང་རྒྱབ་སྐྱོར་གནང་དང་གནང་བཞིན་པ་རེད།
ང་ཚོའི་རྩ་འཛིན་ནི་ཆོས་བརྒྱུད་རིས་མེད་ཀྱི་ཐོག་ནས་ལས་ཀ་བྱེད་རྒྱུ་དེ་ཡིན་ཞིང་། ང་ཚོས་བགྲོ་གླེང་དང་གྲོས་མོལ་གྱི་སྐབས། ཆོས་ཚོགས་དང་ཚོགས་ཆེན་གྱི་སྐབས་གང་དུ་ཡང་ཆོས་བརྒྱུད་ཆེན་པོ་ཁག་གི་མཆེད་གྲོགས་རྣམ་པ་ཕུ་ནུ་སྤུན་མཆེད་བཞིན་གདན་གཅིག་ལ་བསྡད་ནས། སྙིང་ཉེ་དང་མཛའ་མཐུན་གྱི་ངང་སྒེར་སེམས་མེད་པའི་ཐོག་ནས་ལས་དོན་འདིར་འབད་རྩོན་བྱེད་བཞིན་ཡོད། མདོར་ན་ང་ཚོའི་དམིགས་ཡུལ་ནི་དེ་ལས་མང་པའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པའི་ནང་ཆོས་ངོ་ཤེས་པར་བྱེད་རྒྱུ་དེ་ཡིན་པ་རེད།
ཁྱད་པར་འབྱུང་འགྱུར་དྲ་རྒྱའི་བརྙན་འཕྲིན་གྱི་ས་མིག་ཀྱང་ཆོས་བརྒྱུད་ཆེན་པོ་ཁག་དང་། དེ་བཞིན་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་སྤྱི་དང་ཁྱད་པར་ཚོགས་མིའི་ཆོས་ཚོགས་ཁག་ལ་སྤྱི་སྙོམས་ཞུ་ངེས་ཡིན་སྐོར་འདུག །
གནས་ཚུལ་མཁོ་གཏོང་བ།རྫ་ཚེ་རིང་བཀྲ་ཤིས།