སྦེལ་ཀོབ་གཞོན་ནུའི་དུས་དྲན་སྲུང་བརྩི་བྱས།

ཟླ་འདིའི་ཚེས་༧ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ། ས་གནས་ཞོན་ལྷན་གྱི་གོ་སྒྲིག་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ ༤༣ འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་པ་རེད།

སྐུ་མགྲོན་གཙོ་བོ་ས་གནས་ལུགས་ཟུང་བསམ་འགྲུབ་གླིང་དང་། བདེ་སྐྱིད་སླར་གསོ་གཞིས་ཆགས་ཁག་གཉིས་ཀྱི་ས་གནས་འགོ་འཛིན་གཅིག་ལྕོག་བྱམས་པ་ཕུན་ཚོགས་དང་། འབྲེལ་ཡོད་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཁག་གི་སྐུ་ཚབ་དང་། ས་གནས་ཞོན་ནུའི་ཚོགས་མི་སོགས་ཕེབས་ཡོད་པ་རེད། མཛད་སྒོའི་ཐོག་ས་གནས་གཞོན་ནུ་ཚོགས་པའི་ལས་བསྡོམས་དང་རྩིས་ཁྲ་སྒྲོགས་སྦྱང་གྲུབ་རྗེས། སྐུ་མགྲོན་གཙོ་བོས་མི་མང་ལ་གསུང་བཤད་ཅིག་གནང་སྟེ།  “དེ་རིང་ང་འདིར་གཞོན་ནུ་དབུ་བརྙེས་པའི་དུས་དྲན་ཐོག་ཡོང་དགོས་ཀྱི་འདུག་གསུང་པ་བཞིན། ང་འདིར་བཅར་ཐུབ་པར་དགའ་པོ་བྱུང་། གང་ཡིན་ཟེར་ན། གཞོན་ནུ་ལྷན་ཚོགས་ཀྱིས་འདས་པའི་མི་ ༤༣ གྱི་རིང་ལ་ལྷག་བསམ་རྣམ་དག་དང་། འབད་བརྩོན་བྱས་ནས་བོད་དོན་ལས་འགུལ་རབ་དང་རིམ་པ་ཧ་ཅང་མང་པོ་ཞིག་སྤེལ་ཡོད་པས་རེད། ཅེས་དང་། ཁོང་གིས་མུ་མཐུད་དུ་གསུང་དོན། ཉེ་ཆར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་ཊ་ལེ་དང་ལ་དྭག་བཅས་སུ་བཀའ་སློབ་གནང་བའི་ནང་༸རྒྱལ་བ་རིན་པོ་ཆེས་བོད་གཞུང་བསྡུ་གསོག་བརྒྱབ་པ་རེད་ཟེར་བའི་མི་རེ་གཉིས་ཀྱི་སྐད་ཆ་འདྲ་མིན་བཤད་ཡོད་པའི་སྐོར་ལ་བློ་ཕམ་བྱུང་ཅེས་གསུང་ཡོད་པ་རེད། ཡིན་ནའང་། གཞོན་ནུའི་ལངས་ཕྱོགས་དང་འབྲེལ་བའི་སྐོར་ལ་རྩ་བ་ཉིད་ནས་བློ་ཕམ་ཡོད་པའི་བཀའ་སློབ་གནང་ཡོད་པ་མ་རེད། དེ་གསལ་བཤད་ཅིག་བྱས་ན་བསམ་སོང་། ”ཅེས་སོགས་གསུང་བཤད་གནང་ཡོད་པ་རེད།

ས་གནས་གཞོན་ནུའི་ལོ་ཅིག་གི་ལས་བསྡོམ་སྒྲོགས་སྦྱང་བྱས་པའི་ནང་འཁོད་གསལ་ལྟར་ན། འདས་པའི་ལོ་གཅིག་གི་ནང་ས་གནས་གཞོན་ནུའི་ངོས་ནས་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་ཐེངས་ ༣༨ སྤེལ་ཡོད་པ་དང་། དེ་བཞིན་ཆོས་དང་རིག་གཞུང་དང་འབྲེལ་འི་ལས་འགུལ་ཐེངས་ ༩ དང་། ཚོགས་འདུ་དང་སྣེ་ལེན་མཛད་ཐེངས་ ༡༣ དང་། འཕྲོད་བསྟེན་དང་སྤྱི་ཚོགས་ཞབས་ཞུ་ཆེད་ལས་འགུལ་ཐེངས་ ༧ དང་། དཔལ་འབྱོར་འདུ་འགོད་ཐེངས་ ༣ དང་། ཤེས་ཡོན་དང་འབྲེལ་བའི་ལས་འགུལ་ཐེངས་ ༢ དང་། ས་གནས་རྒྱུན་ལས་དང་རི་དཔོན་མང་ཚོགས་བཅས་ཀྱི་ཚོགས་འདུ་ཐེངས་ ༡ བྱས་ཡོད་འདུག་ལ། དེང་སྐབས་ས་གནས་གཞོན་ནུའི་ནང་ཚོགས་མི་གྲངས་ ༢༨༣ ཡོད་པ་རེད་འདུག དེ་བཞིན་ཉིན་དེ་ཕྱི་དྲོ་ཆུ་ཚོད་ ༥ :༣༠ ཐོག་ས་གནས་གཞོན་ལྷན་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཚེས་ ༦ ཉིན་བོད་ཨ་མདོ་ཀན་ལྷོ་གཙོས་གྲོང་ཁྱེར་ནས་བོད་མི་སངས་རྒྱས་རྒྱ་མཚོ་ལགས་ཀྱི་བོད་བསྟན་སྲིད་རང་དབང་ཆེད་རང་ལུས་མེར་སྲེག་བཏང་བར་གདུང་སེམས་མཉམ་བསྐྱེད་མཚོད་ཆེད་སྨོན་ལམ་དགོང་ཚོགས་ཤིག་ཀྱང་འཚོགས་པ་ཡོད་པ་རེད།།
མེ་སོར་གསར་འགོད་པས།་

ཁྱེད་ཀྱིས་གཟིགས་མེད་སྲིད།