ཆབ་སྲིད་བཙོན་པ་བློ་གྲོས་རྒྱ་མཚོ་གློད་གྲོལ།

lodoegyatso1992

ཟླ་༥ ཚེས་༢ ཉིན་ཁམས་སོག་རྫོང་གི་ཆབ་སྲིད་བཙོན་པ་བློ་གྲོས་རྒྱ་མཚོ་(སོག་མཁར་བློ་གྲོས)རྒྱ་གཞུང་གི་བཙོན་ཁང་ནང་མི་ལོ་༢༡ རིང་བཙོན་བཅུག་བྱས་རྗེས། གློད་གྲོལ་ཐོབ་ཡོད་ནའང་།  ད་ལྟའི་ཆར་ཁོ་རང་གི་གཟུགས་པོའི་གནས་སྟངས་ཏོག་ཙམ་སྐྱོ་བོ་ཡིན་པ་ཡུལ་མི་ཚོས་བཤད་བཞིན་འདུག

ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། དེ་ཡང་བློ་གྲོས་རྒྱ་མཚོ་ལ་རྒྱ་གཞུང་གིས་བཙོན་ཁང་ནས་མི་སྤྱོད་ལས་འདུས་པའི་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ཡོད་པ་དང་། ༢༠༡༣ ཟླ་༥ ཚེས་༢ ཉིན་བློ་གྲོས་རྒྱ་མཚོ་རྒྱ་གཞུང་གི་གློད་གྲོལ་བཏང་ཡོད་པ་དང་། ད་ལོ་ཁོང་ལོ་༥༢ རེད་འདུག

lodoegyatso1992

དེ་ཡང་ཐོག་མར་གནས་ཚུལ་བྱུང་སྟངས། ༡༩༩༣ ལོའི་ཟླ་༡་ཚེས་༡༧ ཉིན་ཁོང་གི་སྲིང་མོ་གསོད་མཁན་་ཞིག་དང་སྒེར་འཁོན་ཞིག་ལ་བརྟེན་མི་ཞིག་ལག་ཉེས་ཤོར་ཡོད་འདུག  དོན་རྐྱེན་དེ་དང་འབྲེལ་ནས་ནག་ཆུ་འབྲིང་རིམ་ཁྲིམས་ཁང་ཟེར་བས་མི་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་ནས་གྲྭ་བཞི་བཙོན་ཁང་ནང་བཙོན་འཇུག་བྱས་ཡོད་པ་རེད།

ཁོང་བཙོན་ཁང་དུ་ཡོད་སྐབས། ༡༩༩༥ ལོའི་ཟླ་༣ ཚེས་༤ ཉིན་བློ་གྲོས་རྒྱ་མཚོས་གྲྭ་བཞི་བཙོན་ཁང་ནས་བཙོན་པ་ཡོངས་རྫོགས་ལ་སྐུལ་སློང་བྱས་པ་དང་། ཁོང་གིས་“བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་མི་ས་ཡ་དྲུག་རྡོག་རྩ་གཅིག་སྒྲིལ་ཡིན།”ཞེས་བཙོན་ཁང་དུ་སྐད་འབོད་བྱས་པ་དང་། སོ་སོའི་ལག་པས་བྲིས་པའི་ཡིག་ཆ་༣༠༠ ལྷག་ཙམ་གཏོར་བ་སོགས་བྱས་རྐྱེན། བཙོན་སྲུང་མགོ་ཁྲིད་རྣམས་ཀྱི་ཁྲིམས་ཁང་ལ་སྙན་ཞུ་བརྒྱབ་ནས། སྐབས་དེར་ཉིན་གསུམ་ལས་མ་འགྱངས་བར་དམར་གསོད་གཏོང་རྒྱུའི་བཀའ་རྒྱ་འབྱོར་ཡོད་པ་རེད།

དེ་དང་དུས་མཚུངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བལྟ་རྟོག་ཚོགས་པའི་འགན་འཛིན་ནས། བློ་གྲོས་བསོད་མི་ཆོག་པའི་གནོན་ཤུགས་རྒྱ་ནག་ལ་སྤྲད་པ་མ་ཟད།  རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་ཁག་གཅིག་གིས་ཀྱང་ཡིག་འཕྲིན་དང་གནོན་ཤུགས་སྤྲད་རྐྱེན་རྒྱ་གཞུང་གི་ཁྲིམས་ཁང་ནས་ལོ་དྲུག་སྲོག་ཁྲིམས་ཕར་འགྱངས་དང་། ཆབ་སྲིད་ཐོབ་ཐང་ལོ་༣ ཕྲོགས་ནས་ཁྱོན་དུས་བཀག་བཙོན་འཇུག་མི་ལོ་༢༡  ཁྲིམས་ཐག་བཅད་ཡོད་པ་རེད།

lodoe52བཙོན་ནས་སྐད་འབོད་བྱས་པའི་ལོ་དེའི་ཟླ་༣་ཚེས་༤ ནས་ཟླ་༤ ཚེས་༥ བར་སྡུག་སྦྱོང་གནར་གཅོད་མི་སྤྱོད་ལས་འདས་པ་བྱས་པ་མ་ཟད། ཆུ་ཇ་ཕོར་དོ་དང་ཀྲིན་མོག་གཅིག་ཙམ་ལས་མ་སྤྲད་པ་མ་ཟད། མགོ་བོ་བཀྱག་ས་མེད་པའི་ལྕགས་ཀྱི་དྲ་བའི་ནང་བཅུག་ནས་ལུས་པོ་སྒུར་པོ་ཆགས་པ་བཟོས་པ་དང་། ལག་པའི་མཐེ་བོང་གཉིས་ལ་ལྕགས་རྒྱབ་ནས་མཚན་གང་གནམ་ལ་བཏགས་པ་སོགས་སྡུག་སྦྱོང་ཚད་མེད་བཏང་ཡོད་པ་རེད། དེ་བཞིན་བཙོན་སྲུང་མགོ་པས་ངོས་ལེན་མ་བྱས་ན་གསོན་པོར་སྡོད་རྩིས་མ་བྱེད་ཅེས་ཐ་ཚིག་བསྒྲགས་པ་དང་། བློ་གྲོས་ཀྱིས་ཁྱོད་ཚོས་ང་བསད་ཀྱང་ངས་ནམ་ཡང་ཁས་ལེན་བྱེད་རྒྱུ་མིན་ཞེས་བཤད་ཡོད་པ་རེད།

དེ་རྗེས་བཙོན་ཁང་སྤོས་ནས་ད་བར་ཆུ་ཤུལ་བཙོན་ཁང་ནང་དུ་བཙོན་འཇུག་བྱས་ནས་ད་ལྟ་དུས་བཀག་ཚང་ནས་གློད་གྲོལ་ཐོབ་པ་རེད་འདུག

བློ་གྲོས་རྒྱ་མཚོ་ནི་ཁམས་སོག་རྫོང་ཚ་དབྲོག་ཤང་སོག་མཁར་གྲོང་སྡེ་ནས་ཡིན་པ་དང་།  ཆུང་དུས་ཕའི་ས་ནས་གཏམ་ཡིག་རྩིས་སྦྱང་བའི་ཐོགས།  ལུས་པོ་བདེ་པོ་ཡོད་པ་སོག་རྫོང་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་བྱེད་མྱོང་ཡོད་ལ། ཤེད་ཤུགས་ལྡན་པས་ནག་ཆུ་ས་ཁུལ་སུ་ཤེད་རྡོ་བཀྱགས་ནས་ཨང་དང་པོའི་བྱ་དགའ་ཐེངས་གཉིས་རག་མྱོང་ཡོད།  མི་རིགས་ཀྱི་ལ་རྒྱ་དང་དཔའ་བློ་ཁོག་ཆེ་ལ། མདོར་ན་བཙན་པོ་གཉའ་ནས་མནན་ཉམ་ཆུང་མཐའ་ནས་སྐྱོང་ཐུབ་མཁན་གྱི་གངས་ཅན་བོད་ཀྱི་དཔའ་པོ་ཞིག་རེད་ཅེས་བཙོན་རོགས་རྣམས་ཀྱིས་གླེང་བཞིན་འདུག

ཁོང་ལ་ད་ལྟའི་ཆར་ཨ་མ་དང་། གླུ་མ་གྲགས་ཅན་བསོད་ནམས་དབང་མོས་གཙོས་སྲིང་མོ་༥ ། སྤུན་ཆུང་བ་གཅིག་བཅས་ཡོད་པ་རེད་འདུག།
གསར་འགོད་པ་ངག་དབང་ཐར་པ།

ཁྱེད་ཀྱིས་གཟིགས་མེད་སྲིད།