༧གོང་ས་མཆོག་གི་མོན་གྷོ་ཊི་རུ་གསུང་ཆོས་གནང་བ།
ཟླ་འདིའི་ཕྱི་ཚེས་༢༡ ཉིན་སེར་བྱེས་གྲྭ་ཚང་དང་རྒྱ་གར་གྱི་ཏུམ་བཀུར་གཙུག་ལག་སློབ་གྲྭ་ཆེན་མོ་ཐུན་མོང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་དུ་ཡོད་པའི་ཏུམ་བཀུར་གཙུག་ལག་སློབ་ཆེན་དུ་ས་གནས་ཡུལ་མི་དང་དགེ་སློབ་ཡོངས་བཅས་ལ་སྟོང་ལོ་གསར་པའི་འགྲོ་བ་མིའི་བཟང་སྤྱོད་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་བགྲོ་གླེང་གནང་ཡོད་པ་རརེད།
ཟླ་འདིའི་ཕྱི་ཚེས་༢༡ ཉིན་སེར་བྱེས་གྲྭ་ཚང་དང་རྒྱ་གར་གྱི་ཏུམ་བཀུར་གཙུག་ལག་སློབ་གྲྭ་ཆེན་མོ་ཐུན་མོང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་དུ་ཡོད་པའི་ཏུམ་བཀུར་གཙུག་ལག་སློབ་ཆེན་དུ་ས་གནས་ཡུལ་མི་དང་དགེ་སློབ་ཡོངས་བཅས་ལ་སྟོང་ལོ་གསར་པའི་འགྲོ་བ་མིའི་བཟང་སྤྱོད་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་བགྲོ་གླེང་གནང་ཡོད་པ་རརེད།
ཟླ་འདིའི་ཚེས་༢༢ ཉིན་གྱི་ཞོགས་པ་མོན་གྷོ་ས་གནས་ནས་ལམ་ཐག་ཆུ་ཚོད་གཉིས་ཙམ་གྱི་སར་ཡོད་པའི་(Danvangri)ཞེས་པའི་ས་གནས་ཀྱི་(Government guest house)ཞེས་པའི་མགྲོན་ཁང་ནས་ཆིབས་བསྒྱུར་སྐབས། དགའ་ལྡན་ཁྲི་རིན་པོ་ཆེ་དང་ཤར་བྱང་གི་ཆོས་རྗེས་རྣམ་གཉིས། གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ། ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ལྔའི་སྤྱི་ཁྱབ་པས་གཙོས་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་རྣམས་ཀྱིས་གཙོས་མོན་གྷོ་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་དང་། དད་ལྡན་སེར་སྐྱ་མི་མང་གིས་ལག་ཏུ་མཇལ་དར་དང་བདུག་སྤོས་མེ་ཏོག་སོགས་ཐོག་ནས་ཕེབས་བསུའི་ཁྲོད་༧གོང་ས་མཆོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་གཙུག་ལག་ཁང་ནང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
ཐོག་མར་༧གོང་ས་མཆོག་གིས་བྱང་རྩེ་གྲྭ་ཚང་གི་འདུ་ཁང་དང་མགོན་ཁང་ནང་གི་རྟེན་གཙོ་ཁག་ལ་གནས་གཟིགས་གནང་རྗེས་ཕེབས་སྟོན་མཛད་སྒོ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། དགེ་འདུན་འདུས་མང་ནས་མཁའ་མཉམ་མ་དང་ཡོན་ཏན་གཞིར་འགྱུར་མ་གསུང་གནང་བ་དང་འབྲེལ་དགའ་ལྡན་ཁྲི་རིན་པོ་ཆེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། རིམ་པས་མཛད་གཙོ་རྣམ་པས་མཇལ་དར་བསྒྲོལ་འབུལ་དང་། དེ་བཞིན་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཚང་མར་འཚམས་འདྲི་གནང་བ་དང་ཆབས་ཅིག་ཉེ་ཆར་མགོན་པོ་གང་ཉིད་ཨི་ཊ་ལིའི་རྒྱལ་ས་རོམ་ལ་ཞོགས་པ་ནས་དགོང་མོ་ཆུ་ཚོད་དྲུག་པའི་དུ་མཛད་འཆར་དུས་ཡུན་རིང་བའི་རྐྱེན་གྱིས། ཏོག་ཙམ་སྐུ་ཐང་མཉེལ་པོ་བྱུང་བ་ལས་གཞན་སྐུ་ངལ་གང་ཡང་མ་བྱུང་བྱུང་སྐོར་གསུངས་ཡོད་པ་རེད།
ཕྱི་ཚེས་༢༣ ནས་༢༨ བར་༧གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་ཁྲི་ཕྲག་གསུམ་ཙམ་ལ་བྱང་ཆུབ་ལམ་རིམ་གསུང་ཆོས་ལས་ལོ་སྔོན་མའི་འཕྲོའི་ཞ་དམར་ལམ་རིམ་གྱི་བཀའ་ཁྲིད་དབུ་འཛུགས་གནང་ཡོད་པ་རེད།
ཐེངས་འདིར་གསུང་ཆོས་ཞུ་མཁན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱལ་ཁབ་༦༠ ཙམ་ནས་དད་ལྡན་ཆོས་ཞུ་བ་བཞི་སྟོང་ཙམ་དང་། གཞན་སེར་སྐྱ་སྡོམས་ཆོས་ཞུ་བ་ཁྲི་ཕྲག་གསུམ་ཡས་མས་ཡོད་སྐོར་བྱང་ཆུབ་ལམ་རིམ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་མགྲིན་ཚབ་པ་དགེ་བཤེས་བསྟན་འཛིན་དཔལ་མཆོག་གིས་གསར་འགོད་པར་འགྲེལ་བརྗོད་གནང་སོང་།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།