གཞོན་ལྷན་དང་འབྲེལ་བའི་བསམ་ཚུལ་རྐང་དྲུག་བུང་བ།
༡། བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་དེ་རེད། ཚོགས་པ་འདི་ལ་ས་གནས་གཞོན་ལྷན་ཁག་༨༧ ལྷག་འདུག
འཇིགས་མེད་ནུབ་པ།
༡། བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་དེ་རེད། ཚོགས་པ་འདི་ལ་ས་གནས་གཞོན་ལྷན་ཁག་༨༧ ལྷག་འདུག (༡) ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་དེ་བོད་རང་བཙན་རེད། ད་བར་དུ་བོད་རང་བཙན་རེད། འོན་ཀྱང་། མ་འོངས་པར་དམིགས་ཡུལ་དེ་རང་འཇགས་གནས་ཐུབ་མིན་བརྗོད་དཀའ། རྒྱུ་མཚན། ཕྱི་ལོ་༢༠༡༣ ལོར་གཞོན་ནུའི་ས་གནས་ཁག་བརྒྱད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཕྱིར་ཐོན་བྱས་འདུག (༢) ད་ལོར་ཡང་གཅིག་གིས་དབུས་ཀྱི་ཁྱབ་ཁོངས་ནས་འདུག་གི་མིན་ལབ་ཀྱི་འདུག དེ་ནི་ནེའུ་ཡོག་དང་ནེའུ་ཇར་སིའི་བོད་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་རེད། གཞོན་ནུ་ཚོགས་པའི་ནང་ཁུལ་གྱི་དཀའ་ངལ་འདི་དག་ན་ཚ་ཞིག་ཡིན་པར་ཆ་བཞག་ན། ན་ཚ་འདི་ས་གནས་ཁག་ནས་ན་འགོ་ཚུགས་ཀྱི་འདུག མ་རེད་དམ།
༢། ཉེ་ཆར་ནེའུ་ཡོག་དང་ནེའུ་ཇར་སིའི་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་ཀྱིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དོན་ཚན་གསུམ་ཅན་གྱི་ཡི་གེ་ཞིག་བཏང་འདུག (༣) ཡི་གེ་དེའི་ནང་དོན་གཙོ་བོ་ནི་དབུས་གཞོན་ནུ་དང་ལྷན་དུ་ལས་ཀ་བྱེད་ཐབས་མི་འདུག་ཟེར་བ་དེ་རེད། ཡི་གེ་དེ་ངོ་དེབ་དང་དྲ་རྒྱ་སོགས་ན་འཁྱམས་ནས་འགྲོ་བཞིན་འདུག འདི་སྒྲིག་གཞི་ཡོད་པའི་ཚོགས་པ་ཞིག་གི་བྱེད་སྟངས་མ་རེད་སྙམ། དབུས་གཞོན་ནུའི་ལངས་ཕྱོགས་ལ་འདོད་པ་མེད་ན། འདོད་པ་མེད་སའི་ཚོགས་ཁོངས་ནས་ཕྱིར་ཐོན་ན་འགྲིག་གི་རེད་དྲན། དེ་འགྲོ་སྟངས་རེད། འོན་ཀྱང་། ས་གནས་གཞོན་ནུའི་རྒྱུན་ལས་མུ་མཐུད་དུ་བྱེད་རྒྱུ་དང་ཚོགས་པའི་ལངས་ཕྱོགས་ལ་འདོད་པ་མེད་ལབ་ན་འདི་གཏོར་བཤིག་གི་བྱ་སྤྱོད་མ་རེད་དམ། ལྷག་པར་དུ། ང་རང་སྒེར་གྱིས་བྱེད་སྟངས་འདིའི་རིགས་ལ་དཀའ་ངལ་གསུམ་མཐོང་གི་འདུག ༡) བོད་དོན་འཐབ་རྩོད་མདུན་བསྐྱོད་བྱེད་རྒྱུར་ཕན་མི་ཐོགས་པ། ༢) གཞོན་ནུའི་ཆིག་སྒྲིལ་ལ་ཕན་མི་ཐོགས་པ། ༣) བོད་ནང་གི་བོད་མི་སེམས་ཤུགས་ཅན་དང་བློས་གཏོང་ཅན་དག་སེམས་མི་སྐྱིད་པ་བཟོ་བ་བཅས་རེད།
༣། ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་གཞོན་ནུའི་རྒྱུན་ལས་ཐུན་མོང་ནས་དབུས་གཞོན་ནུ་ལྷན་ཚོགས་དང་མཉམ་ལས་མི་བྱེད་ཟེར། ༧གོང་ས་མཆོག་གི་ཡང་དག་པའི་ལམ་སྟོན་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་ཤར་སྐྱོད་དང་རྒྱབ་སྐྱོར་ཞུ་གི་ཡིན་ཟེར། (༤) དེས་ན། ༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དེ་དབུ་མའི་ལམ་རེད། ནེའུ་ཡོག་དང་ནེའུ་ཇར་སིའི་ས་གནས་གཞོན་ནུ་དབུ་མའི་ལམ་ལ་བསྐྱོད་གི་ཡིན་ཟེར་བ་འདི་འགྱུར་བ་ཞིག་རེད། འདི་ལ་གཞོན་ནུ་ནང་ཁུལ་ནས་རྩོད་པ་བྱས་བསྡད་ན་ཡོང་རྒྱུ་སྐམ་པོ་རེད་དྲན། འོན་ཀྱང་། ས་གནས་གཞོན་ནུའི་རྒྱུན་ལས་རྣམས་དབུ་མའི་ལམ་ལ་འགྲོ་ན། ས་གནས་གཞོན་ནུའི་ཚོགས་མི་རྣམས་དང་མི་མང་ཚོ་ཡང་དེ་མཚུངས་ཡིན་ནམ། མི་མང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་དེ་རང་བཙན་ཡིན་པ་གཞིར་བཞག་གི་ཐོག་ནས་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་བདམས། རྒྱུན་ལས་རྣམས་ཀྱིས་ང་ཚོས་དབུས་དང་མཉམ་ལས་བྱེད་གི་མིན། དབུ་མའི་ལམ་ལ་ཤར་སྐྱོད་བྱེད་གི་ཡིན་ཟེར་ན། འདི་རྣམ་དཔྱོད་ཡོད་པ་དང་ཕུགས་རྒྱང་ཅན་གྱི་བྱེད་སྟངས་ཤིག་རེད་དམ།
༤། གཞོན་ནུ་ལྷན་ཚོགས་འདི་སྤྱི་ལོ་༡༩༧༠ ལོར་བཙུགས་པ་རེད། (༥) སྐབས་དེ་དུས། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་ལངས་ཕྱོགས་ཀྱང་རང་བཙན་རེད། དེའི་རྗེས་སུ་འགྱུར་བ་ཅི་བྱུང་དབུ་མའི་ལམ་གྱི་བྱུང་རིམ་གྱི་ལོ་རྒྱུས་ལ་གཟིགས་ན་གསལ་གསལ་ཐང་ཐང་རེད། འོན་ཀྱང་། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཐོག་མའི་དམིགས་ཡུལ་ཆེ་ཁག་བཞི་ལ་འགྱུར་བཅོས་སོགས་མ་བཏང་ནས་ད་བར་དུ་བསྡད་པ་རེད། དེར་བརྟེན། ད་ལྟ་གཞོན་ནུ་ནང་ཁུལ་ན་དམིགས་ཡུལ་ཆེ་ཁག་བཞི་བོ་དེའི་ཁོངས་སུ་དཀའ་ངལ་ཡོད་པ་གླེང་གི་འདུག (༦) དེའི་དཔེ་མཚོན་གསོན་པོ་ཞིག་ནི། ནེའུ་ཡོག་དང་ནེའུ་ཇར་སའི་ས་གནས་གཞོན་ནུ་ལྷན་ཚོགས་འདི་རེད། ངེད་ཀྱི་བསམ་བློར། གཞོན་ནུ་ལྷན་ཚོགས་འདི་མུ་མཐུད་དུ་གནས་དགོས་ན། གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་ཁོངས་སུ་འགལ་ཟླ་མེད་པ་ཞིག་བཟོ་རྒྱུ་འདི་ཡང་གལ་ཆེ། རྒྱུ་མཚན། མ་འོངས་པར་ཡང་ནེའུ་ཡོག་དང་ནེའུ་ཇར་སིའི་ས་གནས་གཞོན་ནུ་ལྟ་བུ་བོད་མི་གནས་སྡོད་ཀྱི་ས་གནས་གཞན་ཁག་ནས་ཀྱང་ཡོང་སྲིད།
༥། ངེད་ཀྱི་བསམ་བློར། གཞོན་ནུའི་ཆིག་སྒྲིལ་ནི་ས་གནས་གཞོན་ནུ་ཁག་༨༧ གྱི་ཆིག་སྒྲིལ་ཡིན། ས་གནས་ཁག་༨༧ གྱི་ཆིག་སྒྲིལ་ནི་ས་གནས་མི་མང་གི་ཆིག་སྒྲིལ་ཡིན། ས་གནས་མི་མང་གི་ཆིག་སྒྲིལ་ནི་བོད་སྤྱི་བའི་ཆིག་སྒྲིལ་ཡིན། ད་ལྟའི་སྐབས་སུ། བོད་སྤྱི་བའི་ཆིག་སྒྲིལ་ནི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་མ་རྩ་ཆེ་ཤོས་དེ་ཡིན། འདི་ལ་ངེས་པར་དུ་བསམ་བློ་གཏོང་དགོས།
༦། མཐའ་དོན། མི་རིགས་ཀྱི་འཐབ་རྩོད་ཟེར་བ་འདི་ལ་ཚང་མ་ལུག་ནང་བཞིན་འགྲོ་སྟངས་གཅིག་ཡོང་གི་མ་རེད་། བསམ་ཚུལ་མི་མཐུན་པ་དང་ལངས་ཕྱོགས་མི་མཐུན་པ་ཡོང་གི་རེད་། མི་མཐུན་པ་འདི་དག་འཐབ་རྩོད་ཀྱི་ཁྱད་ཆོས་རེད་། ཁྱད་ཆོས་འདི་དག་མཐར་ཐུག་གི་དཀའ་ངལ་དེ་སེལ་བར་བེད་སྤྱོད་གཏོང་ཐུབ་པའི་རྣམ་དཔྱོད་དང་བློ་ཁོག་གཉིས་ཀ་དགོས་རེད། རང་བཙན་དང་དབུ་མ་ཟེར་ནས་ནང་ཁུལ་དུ་རྩོད་པ་དང་རྡུང་རེས་བྱས་བསྡད་ན། དེས་འཐབ་རྩོད་ཀྱི་ནུས་པ་ཇེ་ཞན་ལ་གཏོང་གི་རེད་། འཐབ་རྩོད་ཀྱི་ཚེ་ཐག་ཇེ་ཐུང་ལ་གཏོང་གི་རེད། དེར་བརྟེན། བསམ་ཚུལ་མི་མཐུན་པ་འདི་དག་མཉམ་གནས་ཀྱི་སྒོ་ནས་གཞི་རྒྱ་ཆེ་བའི་འཐབ་རྩོད་དེ་མདུན་བསྐྱོད་བྱེད་དགོས་རེད། མདོར་ན། བསམ་ཚུལ་མི་མཐུན་པ་ཁག་མཉམ་གནས་ཐུབ་པ་དང་འཐབ་རྩོད་མདུན་བསྐྱོད་བྱེད་རྒྱུ་གཉིས་ཧ་ཅང་གནད་འགག་རེད་། གཞན། ད་ལྟའི་བཙན་བྱོལ་ནང་གི་དབུ་མ་དང་རང་བཙན་ཟེར་བའི་ནང་ཁུལ་གྱི་རྩོད་པ་བྱབ་ཆུང་འདི་མཚམས་བཞག་ན་ཡག དངོས་གནས་དྲང་གནས་མཚམས་བཞག་ན་ཡག
(ངེད་ཀྱི་བསམ་ཚུལ་རྩོམ་ཡིག་ལས་ཁག་གསུམ་པ།)
མཆན།
༡། http://www.tibetanyouthcongress.org/regional-chapters/
༢། https://bangchen.tibetexpress.net/youth7thmay/
༣། http://www.khabdha.org/?p=73484
༤། http://www.khabdha.org/?p=73484
༥། http://www.tibetanyouthcongress.org/about-tyc/
༦། http://www.tibetanyouthcongress.org/aims-objectives/
Tibetan Youth Congress | Regional Chapters