ཏང་ལ་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ཇུས་གཏོགས་མེད།

རྩོམ་པ་པོ། སཱང་ཕུ།
པེ་ཅིང་དུ་རྒྱལ་ཡོངས་དམངས་འཐུས་འཚོགས་བཞིན་པའི་སྐབས་ཀྱི་ཕྱི་ཟླ་༣ པའི་ཚེས་༩ ཉིན། བོད་ལྗོངས་འཐུས་ཚོགས་ཀྱི་འགན་འཛིན་དང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་པད་མ་འཕྲིན་ལས་ཀྱིས། “དབུས་གཞུང་གིས་ཏཱ་ལའི་བླ་མ་དང་གྲོས་མོལ་གྱི་སྒོ་མོ་རྒྱུན་དུ་ཕྱེས་ཡོད་ལ།

རྩོམ་པ་པོ། སཱང་ཕུ།
པེ་ཅིང་དུ་རྒྱལ་ཡོངས་དམངས་འཐུས་འཚོགས་བཞིན་པའི་སྐབས་ཀྱི་ཕྱི་ཟླ་༣ པའི་ཚེས་༩ ཉིན། བོད་ལྗོངས་འཐུས་ཚོགས་ཀྱི་འགན་འཛིན་དང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་པད་མ་འཕྲིན་ལས་ཀྱིས། “དབུས་གཞུང་གིས་ཏཱ་ལའི་བླ་མ་དང་གྲོས་མོལ་གྱི་སྒོ་མོ་རྒྱུན་དུ་ཕྱེས་ཡོད་ལ། ཏཱ་ལའི་བླ་མ་དང་སྐད་ཆ་གང་ཞིག་བཤད་པ་དང་། ཅི་ལྟར་བཤད་པ། ཚད་གང་འདྲ་ཞིག་གི་ཐོག་ནས་བཤད་མིན་གྱི་ཐག་གཅོད་ཆ་ཚང་ཏཱ་ལའི་བླ་མའི་ལག་ཏུ་ཡོད་ཅེས་དང་། ༧གོང་ས་མཆོག་གིས་ཡང་སྲིད་ལམ་ལུགས་མཚམས་འཇོག་སྲིད་པའི་སྐོར་གསུངས་པ་དེར་ཆེད་དུ་དམིགས་ཏེ། པད་མ་འཕྲིན་ལས་ཀྱིས་བཤད་རྒྱུར། “ང་མི་སྒེར་གྱི་བསམ་ཚུལ་ལྟར་ན། ཏཱ་ལའི་བླ་མས་དེ་ལྟར་བཤད་པ་ནི་དོན་དངོས་སུ་བོད་བརྒྱུད་ནང་བསྟན་ལ་སྐུར་འདེབས་ཤིག་རེད། མཚམས་རེར་ཕྱི་ཕྱོགས་སུ་ཡང་སྲིད་འཁྲུངས་རྒྱུ་ཡིན་སྐོར་བརྗོད་པ་དང་། སྐབས་རེར་ཡང་སྲིད་འཁྲུངས་རྒྱུ་མིན་ཞེས་བཤད་པ་ཆ་ཚང་འགྲོ་ལུགས་དང་མཐུན་གྱི་མེད། ཏཱ་ལའི་བླ་མའི་ཡང་སྲིད་འཁྲུངས་དང་མི་འཁྲུངས་ཀྱི་གནད་དོན་དེ་ཏཱ་ལའི་བླ་མ་མི་གཅིག་གིས་ཐག་ཆོད་པ་ཞིག་མ་ཡིན་པར། ངེས་པར་དུ་ལོ་རྒྱུས་ལ་བརྩི་བཀུར་དང་། ཆོས་ལུགས་ཀྱི་འདོན་ཆོག་ལ་ཆ་འཇོག་བྱེད་དགོས། ཨ་རིའི་སྲིད་འཛིན་གཙོས་པའི་མི་སུ་འདྲ་ཞིག་གིས་ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱས་པ་ཡིན་ནའང་། རྒྱ་ནག་གི་ནང་སྲིད་ལ་ཚབས་ཆེའི་ཐེ་ཇུས་བྱས་པ་རེད།” ཉིན་དེར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་གསར་འགོད་ལྷན་ཚོགས་ཐོག མགྲིན་ཚབ་པ་ཧྥ་ཁྲུན་པའོ་ཡིས། “ ཏཱ་ལའི་བླ་མས་དུས་ཡུན་རིང་པོར་ཆོས་ལུགས་ཀྱི་དར་ཆ་ཁྱེར་ཏེ། དོན་དངོས་སུ་རྒྱལ་སྤྱིའི་ཐོག་རྒྱ་ནག་ཁ་བྲལ་གྱི་ལས་ཀ་དང་། མི་རིགས་མཐུན་སྒྲིལ་གཏོར་བཤིག་གི་ལས་འགུལ་ནང་བཞུགས་བཞིན་ཡོད་ཟེར།” ཕྱི་ཚེས་༡༡ ཉིན་རྒྱ་ནག་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝེ་ཆོན་གྱིས། ཏཱ་ལའི་བླ་མས་ཡང་སྲིད་ལམ་ལུགས་མཚམས་འཇོག་སྲིད་སྐོར་བརྗོད་པ་ནི། ཆབ་སྲིད་དང་ཆོས་ལུགས་གཉིས་ཀར་རྒྱལ་འགལ་བྱས་པ་ཞིག་ཡིན་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་ཡང་སྲིད་འཁྲུངས་རྒྱུ་མིན་སྐོར་བརྗོད་པ་ནི་གཡོ་སྒྱུ་ཞིག་རེད་ཅེས་བརྗོད་དེ། ༧གོང་ས་མཆོག་གི་ཡང་སྲིད་ཐག་གཅོད་དབང་ཆ་རྒྱ་ནག་དབུས་གཞུང་གི་ལག་ཏུ་ཡོད་སྐོར་བསྐྱར་ཟློས་བྱས་འདུག

ཡང་སྲིད་ཐག་གཅོད་དབང་ཆ་རྒྱ་ནག་དམར་ཤོག་ལ་ཡོད་ཅེས་པའི་བཤད་སྟངས་གསར་པ་ཞིག་གང་ཡང་མིན། ཆོས་ལུགས་སྟངས་འཛིན་གྱི་ཆེད་དུ་རྒྱ་ནག་དམར་ཤོག་གིས་༢༠༠༧ ལོར་<<བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་དོ་དམ་ཁྲིམས་གཞི>>་ཞེས་པ་ཁྱབ་བསྒྲགས་ཀྱིས་སྤྲུལ་སྐུའི་ཡང་སྲིད་སྟངས་འཛིན་ནན་མོ་བྱས་ཏེ། ཡང་སྲིད་ཡོད་ཚད་ལ་ངེས་པར་དུ་དབུས་གཞུང་གི་ཆོག་མཆན་ཐོབ་དགོས་ཀྱི་ཡོད། དེ་ལྟར་མ་བྱས་ཚེ་ཁྲིམས་འགལ་དང་ནུས་མེད་ཡིན་པ་མ་ཟད། སྤྲུལ་སྐུ་ཡང་སྲིད་ཀྱིས་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ། ཕྱི་ཕྱོགས་ཀྱི་སྒྲིག་འཛུགས་དང་མི་སྒེར་གྱི་ཐེ་ཇུས་དང་རོགས་སྐྱོར་ལ་ཁས་ལེན་མི་བྱ་བར། ཡང་སྲིད་ཀྱི་སྙན་ཞུ་ངེས་པར་དུ་རྫོང་རིམ་པའི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཕུལ་ཏེ། ག་ལེར་གོང་རིམ་ལ་ཡར་ཞུ་ཡིས། ཞིང་ཆེན་རིམ་པའི་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ནས་ཆོག་མཆན་སྤྲོད་དགོས་ཀྱི་ཡོད་པ་དང་། སྤྲུལ་སྐུའི་གལ་ཆེན་རང་བཞིན་དང་ཤུགས་རྐྱེན་ལ་གཞིགས་ཏེ། སྙན་ཞུ་ཆེས་མཐོའི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་ཆོས་ལུགས་ལས་དོན་ཚན་པ་དང་། ཞིང་ཆེན་རིམ་པའི་སྲིད་གཞུང་། རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་ལས་ཁུངས་དང་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཕུལ་ཏེ་ཆོག་མཆན་ཐོབ་དགོས་པའི་རེ་བ་ཡང་བཏོན་སྲིད།

གལ་ཏེ་སྤྲུལ་སྐུའི་ཡང་སྲིད་ལ་ཏང་གི་ཆོག་མཆན་དགོས་པའི་གནས་ལུགས་ལ་གཞིགས་ཏེ་བཤད་ན། མི་གཅིག་ཤི་བའི་རྗེས་བསྐྱར་དུ་སྐྱེ་བ་ལེན་པ་དང་། རོ་ལངས་རྒྱག་པ། འདྲེར་སྐྱེ་བ། ལྷར་སྐྱེ་བ། དམྱལ་བར་ལྟུང་བ་ཐམས་ཅད་ལའང་ཏང་གི་ཆོག་མཆན་དགོས་ཀྱི་ཡོད། རྒྱ་ནག་དམར་ཤོག་ཚོགས་པ་ནི་སངས་རྒྱས་དང་དཀོན་མཆོག། ཨ་ལཱ་སུས་ཀྱང་བསྡུར་མི་གཟོད་པའི་འཇིག་རྟེེན་འདིའི་སྟེང་གི་དབང་སྟོབས་ཆེ་ཤོས་ཡིན་ངེས་ལ། དེ་ནི་ངོ་ཚ་ཞིང་ཁ་སྐྱེངས་དགོས་པའི་རྫུན་གཏམ་དང་ལོག་ཆོས་ཤིག་རེད། ལྷ་མེད་སྨྲ་བའི་རྒྱ་ནག་དམར་ཤོག་ཚོགས་པས་སྐྱེ་བ་སྔ་ཕྱིིའི་སྐོར་ལ་སེམས་འཁུར་ཡོད་ཚུལ་གྱི་སྐད་ཆ་བཤད་པ་དང་། སྤྲུལ་སྐུའི་ཡང་སྲིད་ཐག་གཅོད་དབང་ཆ་རང་ཉིད་ལ་ཡོད་ཅེས་བརྗོད་པ་མ་ཟད། གལ་ཏེ་ཁྱོད་ཀྱིས་རྒྱ་ནག་དམར་ཤོག་གི་ནང་འགལ་གྱི་བཤད་སྟངས་དེར་ངོ་རྒོལ་བྱས་ན། ཁྱོད་ནི་བོད་བརྒྱུད་ནང་བསྟན་ལ་སྐུར་བ་འདེབས་མཁན་དང་། རྒྱལ་ཁབ་གཅིག་གྱུར་ལ་གནོད་འཚེ་གཏོང་མཁན། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་མཁན་ཡིན་པའི་ཉེས་འཛུགས་བྱ་ངེས། ཁ་སངས་ནས་བཤད་ན་འཇིག་རྟེན་སྟེང་གི་དབང་སྟོབས་ཆེས་ཆེ་ཤོས་ཀྱི་རྒྱ་དམར་ལ་ངོ་རྒོལ་བྱས་པ་དང་མཚུངས་ཤིང་། དོན་དངོས་སུ་བོད་བརྒྱུད་ནང་བསྟན་གྱི་བཀའ་བསྟན་གང་གི་ནང་དུ་རྒྱ་དམར་གཅིག་པུར་ཡང་སྲིད་ཐག་གཅོད་དབང་ཆ་ཡོད་ཅེས་བསྟན་ཡོད་དམ། གལ་སྲིད་དེ་འདྲ་ཞིག་ཡོད་ན་ལོག་ཆོས་དང་དམར་ཤོག་གི་ཆོས་ཡིན་ངེས་པ་ལས། ནང་ཆོས་ཡིན་མི་སྲིད། གལ་སྲིད་མེད་པའི་དབང་དུ་བཏང་ན་རྒྱ་ནག་དམར་ཤོག་ནི་ཆོས་ལུགས་ཆ་ཚང་ལ་ཁ་ལོ་བསྒྱུར་ཐབས་བྱེད་མཁན་གྱི་ལོག་ཆོས་ཤིག་རེད། དོན་དངོས་ཐོག ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་སྒྲིག་འཛུགས་ཡིན་ནའང་ལྷ་ཡུལ་དུ་སྐྱེ་བའི་ལམ་སྟོན་གྱི་དབང་ཆ་ཡོད་ཅེས་བརྗོད་པ་ཙམ་ལས། ལྷར་སྐྱེ་བའི་ཐག་གཅོད་དབང་ཆ་ཡོད་ཚུལ་བརྗོད་བཞིན་མེད། ཆོས་ལུགས་ཀྱི་གོ་རྟོགས་ཅུང་ཟད་ཙམ་ཡང་མེད་པའི་རྒྱ་དམར་གྱི་སྐད་ཆ་ནི་ཐ་ན་རྟུག་དྲི་ལས་ཀྱང་བཙོག མ་ཟད། ལྷ་མེད་སྨྲ་བའི་རྒྱ་ནག་དམར་ཤོག་གི་ཆེས་ནང་འགལ་གྱི་སྐད་ཆ་ཞིག་ནི། ཏཱ་ལའི་བླ་མའི་ཡང་སྲིད་ཐག་གཅོད་དབང་ཆ་ཡོད་ཚུལ་བརྗོད་པ་དེ་རེད། དེ་ལྟར་ཡིན་ན་ཡོངས་གྲགས་ཐོག་རྣམ་པ་འགྱུར་བའི་ཐོག་ནས་སྤྲུལ་སྐུ་ཡོད་པ་ཁས་ལེན་བྱས་པ་ཡིན་པ་མ་ཟད། ལུག་ལྤགས་གྱོན་པའི་སྤྱང་ཀི་ཞེས་འབོད་པའི་ཏཱ་ལའི་བླ་མ་ནི་སྤྲུལ་སྐུ་ཡིན་པ་ངོས་ལེན་བྱས་པ་རེད།

ལྷ་མེད་སྨྲ་བར་ཁས་འཆེ་བའི་དམར་ཤོག་ཚོགས་པས་སྤྲུལ་སྐུ་ཡང་སྲིད་ཀྱི་དད་མོས་ལ་ངོས་ལེན་བྱས་པ་ཡིན་ནམ་ཞེ་ན་ཡིན་མི་སྲིད་ཅིང་། ངོས་ལེན་མི་བྱེད་བཞིན་དུ་སྤྲུལ་སྐུ་ངོས་འཛིན་བྱེད་པ་ནི་སྨྱོ་པའི་ལས་ཀ་ཞིག་རེད། བོད་བརྒྱུད་ནང་བསྟན་ལ་གཞིགས་ཏེ་བཤད་ན། གལ་སྲིད་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་ངོས་ལེན་བྱས་པ་ཡིན་པ་ན། ཐོག་མར་ངེས་པར་དུ་སྐྱེ་བ་སྔ་ཕྱི་ཡོད་པ་ཁས་ལེན་དགོས། ནང་པ་སངས་རྒྱས་པ་རྣམས་ཀྱིས་འགྲོ་བ་མིའི་རིགས་གཙོས་པའི་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་ལ་ཐོག་མར་མེད་པ་དང་། ཉོན་མོངས་སྤངས་ཏེ་འཁོར་བ་ལས་གྲོལ་བའི་རྗེས། ད་གཟོད་ཉོན་མོངས་པ་ལ་བརྟེན་ནས་བྱུང་བའི་སྐྱེ་བ་སྔ་ཕྱི་རྒྱུན་ཆད་དེ། རྣམ་རིག་ཁོ་ན་མུ་མཐུད་དུ་གནས་ཀྱི་ཡོད། ཚེ་འདིའི་གདོས་བཅས་ཀྱི་གཟུགས་པོ་འཇིགས་པའི་རྗེས། ཐོག་མ་མེད་པའི་རྣམ་ཤེས་སྐྱེ་བ་ཕྱི་མའི་ལུས་ལ་ཞུགས་པ་དང་།

སྤྱིའི་ཆ་ནས་ལས་ཉོན་དབང་གིས་སྐྱེ་བ་དང་། སྙིང་རྗེ་དང་སྨོན་ལམ་དབང་གིས་སྐྱེ་བ་གཉིས་ཡོད་ཅིང་། སྔ་མ་ནི་མ་རིག་པའི་དབང་གིས་དགེ་སྡིག་གི་ལས་བསགས་པ་རྣམས་ཀྱི་བག་ཆགས་རྣམ་ཤེས་སྟེང་དུ་བཞག་སྟེ། འཆི་དུས་སུ་སྲེད་ལེན་སྲིད་པས་གང་གསོས་བཏབ་པ་དེས་སྐྱེ་བ་ཕྱི་མ་འཕངས་ཏེ་བདེ་འགྲོ་དང་ངན་འགྲོ་ཅི་རིགས་པའི་ལུས་སུ་དབང་མེད་དུ་སྐྱེ། སོ་སྐྱེ་རྣམས་ནི་ཟོ་ཆུན་འཁྱུད་མོ་ལྟར་རང་དབང་མེད་པར་སྐྱེ་འཆིའི་འཁོར་ལོ་བར་མེད་དུ་འཁོར་བ་ཡིན། དེ་ལྟའི་གནས་སྐབས་སུའང་རྒྱུན་དུ་དགེ་བར་འགྲུས་པ་དང་། འདུན་པ་དང་གོམས་པའི་དབང་གིས་འཆི་ཁར་དགེ་བའི་ལས་ལ་གསོས་བཏབ་སྟེ། བདེ་འགྲོར་སྐྱེ་བའི་ཐབས་སོ་སྐྱེས་ཀྱང་བསྒྲུབ་ཏུ་ཡོད། འཕགས་ལམ་ཐོབ་པའི་བྱང་སེམས་རྣམས་ལས་ཉོན་དབང་གིས་སླར་མི་སྐྱེ་ཡང་། འགྲོ་བར་དམིགས་པའི་སྙིང་རྗེའི་དབང་གིས་གཞན་ཕན་སྒྲུབ་པའི་སྨོན་ལམ་ལ་བརྟེན་ནས་ཡུལ་དུས་ཕ་མ་སོགས། རང་དབང་གིས་བདམས་ཏེ་གཞན་དོན་འབའ་ཞིག་གི་ཕྱིར་སྐྱེ་བ་ལེན་པ་དེ་དག་ནི་སྙིང་རྗེ་དང་སྨོན་ལམ་དབང་གིས་སྐྱེ་བ་ཡིན། ཏཱ་ལའི་བླ་མས་<<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་>> ནང་དཔེ་མཚོན་གྱི་ལམ་ནས། ཆུ་སྣོད་བརྒྱ་ཕྲག་མང་པོའི་ནང་དུ་ཟླ་བ་གཟུགས་བརྙན་དུས་གཅིག་ཏུ་འཆར་བ་བཞིན། སངས་རྒྱས་ཀྱི་སྤྲུལ་པའང་སེམས་ཅད་ཀྱི་དོན་དུ་དུས་གཅིག་ཆར་སྤྲུལ་པ་བརྒྱ་ཕྲག་མང་པོ་འགྱེད་ཐུབ་ཀྱི་ཡོད་ཅེས་གསུངས་ཡོད། དེ་བཞིན་སངས་རྒྱས་ཀྱི་སྤྲུལ་པ་རྣམས་ཀྱིས་རང་ཉིད་ཀྱི་ལས་སྨོན་ལ་གཞིགས་ཏེ་ཡང་སྲིད་འཁྲུངས་སའི་ཡུལ་དུས་བདམས་ཀྱི་ཡོད་པ་མ་ཟད། ཡང་སྲིད་ངོས་འཛིན་བྱེད་སྲོལ་དར་བའི་རྗེས་དེའི་ཐབས་ལམ་ཡང་རིམ་བཞིན་གོང་འཕེལ་གྱིས་སྲོལ་རྒྱུན་དུ་འཇགས་པ་རྣམས་ཀྱི་ནང་ནས་གཙོ་ཆེ་ཤོས་གོང་མའི་འདའ་ཁའི་ཞལ་གདམས་དང་། ལམ་སྟོན་ནམ་བརྡ་མཚོན་བསྟན་པ། ཡང་སྲིད་སོ་སོས་ཆུང་དུས་ནས་སྔོན་ནས་རྗེས་དྲན་གྱི་གཏམ་ཚད་འཛིན་འཕེར་བ་བཤད་པ། གོང་མའི་ཅ་དངོས་དང་ཉེ་འཁོར་ངོས་འཛིན་འཁྲུལ་བྲལ་བྱས་པ་གཉིས་གཙོར་བཟུང་ཐོག ཚད་ལྡན་གྱི་སྐྱེས་བུ་དམ་པར་ཐུགས་དམ་བརྟགས་ཞུས། འཇིག་རྟེན་པའི་ལྷ་སྲུང་སྐུ་ཁོག་ཏུ་བརླམས་པ་རྣམས་ལ་ལུང་ཞུས། ལྷ་མོ་བླ་མཚོ་སོགས་སྲུང་མའི་བླ་མཚོ་ཁག་ཏུ་མཚོ་མཇལ་བཅས་ཐབས་ལམ་འདྲ་མིན་ཧ་ཅང་མང་པོ་ཡོད་པ་དང་། འོས་སྤྲུལ་གཅིག་ལས་མང་བ་བྱུང་སྟེ་ཐག་གཅོད་དཀའ་བར་གྱུར་ཚེ། རྟེན་གྱི་སྤྱན་སྔར་བདེན་པ་བདར་ཏེ་ཟན་རིལ་བསྒྲིལ་ནས་ཐག་གཅོད་སྲོལ་ཡང་ཡོད།

སྙིགས་དུས་འདིར་ཡང་སྲིད་ངོས་འཛིན་བྱས་པའི་བླ་ཆེན་ཇེ་མང་དུ་གྱུར་ཐོག འགའ་ཤས་སྲིད་དོན་དང་འབྲེལ་ཞིང༌། ཚུལ་མིན་གཡོ་སྒྱུས་ངོས་འཛིན་རྫུན་མ་ཇེ་མང་དུ་སོང་བ་བཅས་ཀྱིས་བསྟན་སྲིད་ལ་གནོད་ཚབས་ཅི་ཆེ་འབྱུང་བཞིན་པའི་ཐོག ཕྱི་ལོ་ ༡༧༩༡ ནས་ ༡༧༩༣ བར་བོད་དང་གོར་ཁ་དམག་འཁྲུག་སྐབས་བོད་གཞུང་གིས་མན་ཇུའི་དམག་རོགས་གཉེར་དགོས་བྱུང་བ་དང༌། གོར་དམག་མཐར་སྐྲོད་རྗེས་མན་ཇུའི་དཔོན་རིགས་རྣམས་ཀྱིས་བོད་གཞུང་གི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་ལ་བསྙད་པའི་གྲོས་འདེབས་དོན་ཚན་ཉེར་དགུ་ཡོད་པ་ཞིག་བཏོན་པའི་ནང་ཏཱ་ལའི་བླ་མ་དང༌། པཎ་ཆེན་བླ་མ། གཞན་ཡང་ཧོ་ཐོ་ཐུ་རྣམས་ཀྱི་ཡང་སྲིད་གསེར་བུམ་དཀྲུགས་ཏེ་ཐག་གཅོད་དགོས་པའི་འདུན་གྲོས་བཏོན་ཡོད། དེར་བརྟེན་རྒྱལ་དབང་དང་པཎ་ཆེན་སྐུ་ཕྲེང་རེ་ཟུང༌། བླ་ཆེན་གཞན་གང་འཚམས་བཅས་གསེར་བུམ་དཀྲུགས་འདོན་བྱས་པ་མ་ཟད། དེ་འདྲའི་ལམ་སྲོལ་གཏོད་པའི་རྗེས་སུའང་རྒྱལ་དབང་སྐུ་ཕྲེང་༩ དང༌། ༡༣། ༡༤ བཅས་གསེར་བུམ་དཀྲུགས་འདོན་བྱས་མེད་ཅིང༌། རྒྱལ་དབང་སྐུ་ཕྲེང་བཅུ་པའང་ཡང་སྲིད་ངེས་རྙེད་ཟིན་སྟབས་དངོས་དོན་དུ་གསེར་བུམ་དཀྲུགས་མེད་ཀྱང༌། མན་ཇུའི་གཡར་ངོ་མ་ལྡོག་པར་གསེར་བུམ་དཀྲུགས་ཚུལ་གསལ་བསྒྲགས་ཙམ་བྱས། དངོས་སུ་གསེར་བུམ་དཀྲུགས་འདོན་བྱས་པ་ྋརྒྱལ་དབང་སྐུ་ཕྲེང་༡༡ དང་༡༢ གཉིས་ལས་བྱུང་མེད་ཁར། བཅུ་གཉིས་པའང་གསེར་བུམ་མ་དཀྲུག་གོང་གཏན་འཁེལ་ཟིན་པས་གསེར་བུམ་གྱི་ལམ་ནས་ངོས་འཛིན་བྱས་པ་གཅིག་ལས་མ་བྱུང༌། དེ་བཞིན་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ནང་༨ དང་༩ གཉིས་ལས་གསེར་བུམ་དཀྲུགས་འདོན་བྱས་པ་བྱུང་མེད། ལམ་སྲོལ་འདི་མན་ཇུའི་བཙན་ཤུགས་ཙམ་ལས་བོད་མིས་ཡིད་ཆེས་བྱ་ཡུལ་དང་ཆོས་ལུགས་ཀྱི་བྱེད་ཐབས་ཤིག་མིན་ཡང༌། དྲང་བདེན་གྱིས་ལག་བསྟར་བྱས་ན་ཟན་རིལ་བསྒྲིལ་བའི་ཐབས་ལམ་དང་མཚུངས་པ་ལྟ་བུར་བརྩིས་ཆོག དེ་ནི་མན་ཇུ་རྒྱལ་པོའི་དུས་སྐབས་སུ་སྤྲུལ་སྐུ་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱས་པ་ཞིག་རེད། སྤྱིར་སྲོལ་རྒྱུན་དང་རྒྱལ་འགལ་གྱིས་བྱས་ཡོད་ནའང་། མི་འདོད་བཞིན་དུ་ཡིད་ཆེས་བྱེད་རུང་བ་ཞིག་ཡིན་ལ། མཐའ་གཅིག་ཏུ་ཐེ་ཇུས་ཀྱང་བྱས་མེད། དོན་དངོས་ཀྱི་བཙན་དབང་ཞིག་མིན་པ་མ་ཟད། ཡང་སྲིད་ཐག་གཅོད་དབང་ཆ་མན་ཇུ་རྒྱལ་པོ་ལ་ཡོད་ཅེས་པའི་དམུ་རྒོད་ཀྱི་ཇག་ཚོགས་ཀྱི་བྱེད་ཐབས་ལྟ་བུའི་བཤད་སྟངས་དང་བྱེད་སྟངས་དེ་བས་ཀྱང་བཟོས་མེད།

མན་ཇུ་ཡི་སྲིད་དབང་འགོ་རྟིང་སློག་པའི་རྗེས། རྒྱ་ནག་མི་སེར་རྒྱལ་ཁབ་དབུ་བརྙེས་པ་དང་། ཕྱི་ལོ་༡༩༡༢ ལོའི་རྗེས་སུ་བོད་དུ་བཅའ་སྡོད་ཀྱི་མན་ཇུའི་དམག་དཔུང་ཕྱིར་ཕུད་འོག དོན་དངོས་ཀྱི་རང་བཙན་ཐོབ་སྟེ། ཚོགས་སྡེ་བར་གྱི་དམག་འཁྲུག་དང་། གོ་གུང་གི་དམག་འཁྲུག རྒྱ་ཉིའི་དམག་འཁྲུག་ནང་དུ་ཚུད་མེད། ཤིམ་ལའི་ཆིངས་ཡིག་ཐོག་རྒྱ་ནག་གི་སྐུ་ཚབ་ཀྱིས་མཚན་རྟགས་མེད་པར་བརྟེན་ཁྲིམས་ཐོག་ནས་རྒྱ་ནག་ནི་མངའ་བདག་རྒྱལ་ཁབ་ཀྱི་གོ་གནས་བཟུང་མི་ཐུབ། ཏཱ་ལའི་བླ་མ་སྐུ་ཕྲེང་༡༣ པས་ཕྱི་ལོ་༡༩༣༣ ལོར་ཞལ་ཆེམས་ནང་གསལ་པོ་འཁོད་པ་ལྟར། ངོས་ནི་གསེར་བུམ་དཀྲུག་འདོན་ལ་བརྟེན་ནས་ངོས་འཛིན་བྱས་པ་ཞིག་མ་ཡིན་པར། མོ་ལུང་བརྟག་འབྲས་སུ་ཏཱ་ལའི་བླ་མ་ཡང་སྲིད་ངོས་འཛིན་དང་། ཁྲི་འདོན་མཛད་སྒོ་བྱས་པ་ཞིག་ཡིན། ད་ལྟའི་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤ པ་སྐུ་འཁྲུངས་པའི་སྐབས། མན་ཇུ་རྒྱལ་པོ་མེད་པར་གྱུར་ཟིན་ནའང་། བོད་གཞུང་བཀའ་ཤག་གི་སྲིད་སྐྱོང་དང་མི་མང་ལྷན་ཚོགས། སྐྱེས་མཆོག་དམ་པ་དང་ལྷ་སྲུང་གི་ལུང་བསྟན་དང་། ལྷ་མོ་བླ་མཚོའི་མཚོ་མཇལ་གྱིས་ཡང་སྲིད་བཙལ་འཚོལ་བྱས། ཕྱི་ལོ་༡༩༣༩ ལོར་ངོས་འཛིན་ཐོབ། དེའི་ནང་དུ་རྒྱ་ནག་སྲིད་གཞུང་གི་ཐེ་ཇུས་རྩ་བ་ནས་མེད་ཅིང་། སྐབས་དེར་མཚོ་སྔོན་ཞིང་ཆེན་གྱི་གཙོ་འཛིན་ནི་ཁ་ཆེ་ཆོས་ལུགས་ཀྱི་རྗེས་འབྲང་པ་མཱ་པུ་ཧྥང་ཡིན། ཁོང་གིས་གོ་སྐབས་ཟིན་ཏེ་རྒྱུ་ནོར་ཧམ་འཕྲོག་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ལ་ངོས་འཛིན་རྩ་བ་ནས་བྱས་མེད། རྒྱ་ནག་དམར་ཤོག་གིས་སྲིད་དབང་མ་འཛུགས་བར། མའོ་འདྲེ་ཡིས་ཕྱི་ལོ་༡༩༥༠ ལོར་གང་བྱུང་བཙན་འཛུལ་དང་བོད་ས་གཏོར་བཤིག མི་མང་། ཆོས་ལུགས། རིག་གནས། གཏོར་བཤིག་གི་ནག་ཉེས་ནི་ལོ་རྒྱུས་ཐོག་གཅིག་ཀྱང་བྱུང་མ་མྱོང་། ཏཱ་ལའི་བླ་མས་<<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་>> ནང་ཁྲག་དྲི་བྲོ་བའི་དོན་རྐྱེན་གྱི་དངོས་ཡོད་གསལ་སྟོན་བྱས་ཟིན་པས། དེའི་སྐོར་ཞིབ་ཀློག་བྱེད་པའི་རེ་བ་ཡོད། དེ་ལྟར་ནའང་རྒྱ་ནག་དམར་ཤོག་གིས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ནམ་ཡང་བྱས་མེད་ལ། ཏཱ་ལའི་བླ་མ་ཡང་སྲིད་ངོས་འཛིན་དང་འཇིག་རྟེན་པའི་སྲིད་དབང་ལ་འབྲེལ་བ་རྩ་ནས་བྱུང་མེད་ལ། དཔྱད་ཞིབ་དང་ཆོག་མཆན། ཆོས་ལུགས་དབུ་ཁྲིད་ཀྱི་ཡང་སྲིད་བཀའ་འཁྲོལ་གྱི་དབང་ཆ་རྩ་བ་ནས་མེད། དམར་ཤོག་གི་དཔོན་པོ་པད་མ་འཕྲིན་ལས་ཀྱིས་ཉེ་ཆར་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་སྐབས་དབུས་སྲིད་གཞུང་གིས་ཆོག་མཆན་གནང་ཡོད་པའི་སྐྱག་རྫུན་བཤད་པ་ནི། མངོན་ལྐོག་མེད་པའི་སླུ་བྲིད་དང་། ལོ་རྒྱུས་ལ་འཁྱོག་བཤད་ཅིག་རེད།

གང་ལྟར་ད་ལྟ་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤ པ་དགུང་ལོ་༧༩ ལ་ཕེབས་ཟིན་པ་དང་། སྐུ་འདས་གྲོངས་སུ་ནམ་གྱུར་ལ་བསྒུགས་ཏེ་སྐུ་ཕྲེང་བཅོ་ལྔ་པ་ཞིག་ཁོང་ཚོས་རང་འདོད་ལྟར་ངོས་འཛིན་གྱིས་བོད་དང་བོད་བརྒྱུད་ནང་བསྟན་རྗེས་འཇུག རྒྱལ་སྤྱིའི་མང་ཚོགས་མགོ་སྐོར་སླུ་བྲིད་བྱ་རྒྱུའི་བྱུས་ངན་གཏིང་ཟབ་ཅིག་ཡོད་པ་བཞིན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་རྒྱ་དམར་གྱི་ངན་ཇུས་གསལ་པོ་མཁྱེན་ཏེ། ཕྱི་ལོ་༢༠༡༡ ལོའི་ཟླ་༩ པའི་ཚེས་༢༤ ཉིན་སྐུའི་ཡང་སྲིད་གནད་དོན་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། གཅིག ཡང་སྲིད་ནི་སྐུ་གོང་མ་རང་ཉིད་ཀྱིས་རང་དབང་གིས་སམ་མཐའ་མར་ཡང་ལས་བསོད་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླང་དགོས་པ་ཞིག་ཡིན་སྟབས། དེ་གང་དུ་ཇི་ལྟར་སྐྱེ་བ་དང༌། ཐབས་ཚུལ་ཇི་ལྟ་བུས་ངོས་འཛིན་བྱེད་པ་བཅས་ནི་ཡང་སྲིད་སྐྱེ་བ་འཛིན་མཁན་གྱི་གང་ཟག་ཉིད་ལ་ཐུན་མིན་དུ་དབང་བ་ཞིག་ལས། གཞན་སུས་ཀྱང་བཙན་དབང་དང༌། གནོན་ཤུགས། རང་འདོད་ལྟར་གང་བྱུང་བྱ་ས་མེད་པ་ནི་བདེན་པའི་གནས་ཚུལ་ཡིན།

གཉིས། ལྷག་པར་དུ་ཡང་སྤྲུལ་གྱི་རྣམ་གཞག་ལྟ་ཞོག སྐྱེ་བ་སྔ་ཕྱི་ཙམ་ཡང་བསམ་བཞིན་ཁས་ལེན་མི་བྱེད་པའི་ཆབ་སྲིད་དབང་འཛིན་པ་རྣམས་ཀྱིས་བླ་མའི་ཡང་སྤྲུལ་སྤྱི་དང༌། ཁྱད་པར་རྒྱལ་བ་ཡབ་སྲས་ཀྱི་ཡང་སྤྲུལ་ངོས་འཛིན་ལ་དབང་ཤུགས་ཁོ་ནས་ཐེ་བྱུས་བྱེད་པ་ནི་ཆེས་མ་འཚམས་ཤིང༌། སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཡང་རྒྱབ་འགལ་དུ་སོང་བའི་རྫུན་སྤྱོད་ངན་གཡོ་ངོ་ཚ་བྲལ་བ་ཞིག་ཡིན་པ་ཀུན་གྱི་མཐོང་ཆོས་སུ་གྲུབ་གཤིས། དེ་རིགས་བྱུང་ཚེ་དེ་ལ་བོད་མི་རིགས་དང༌། བོད་བརྒྱུད་ནང་བསྟན་རྗེས་འཇུག་གི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ནས་ནམ་ཡང་ངོས་ལེན་དང༌། མོས་མཐུན་བྱེད་ཐབས་མེད།

གསུམ། ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང༌། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན། གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་པའི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་མ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་ཞེས་གསུངས།།

ཏྲེ་ཧོར་ཐུབ་བསྟན་གྱིས་བསྒྱུར་བསྒྲིགས་བྱས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།