བྷར་ཛིལ་གྱི་སྲིད་འཛིན་དང་གཞུང་འཛིན་ཚོགས་པར་ངོ་རྒོལ།
རེས་གཟའ་ཉི་མའི་ཉིན་བྷར་ཛིལ་གྱི་གྲོང་ཁྱེར་མི་འདྲ་བ་༨༣ ནང་གི་མི་ས་ཡ་གཅིག་དང་ཕྱེད་ཀ་ཙམ་གྱིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། སྲིད་འཛིན་ལྕམ་ཌིལ་མཱ་རུ་སི་ཧྥི་གོ་གནས་ནས་ཕྱིར་ཕུད་དགོས་པ་དང། རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་མེད་པར་འཁྱིལ་པའི་གནས་སྟངས། དེ་བཞིན་སྲིད་གཞུང་གི་སྟངས་འཛིན་འོག་ཡོད་པའི་རྡོ་སྣུམ་བཟོ་གྲྭའི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་སོགས་ལ་ངོ་རྒོལ་སྐད་འབོད་བྱས་འདུག
རེས་གཟའ་ཉི་མའི་ཉིན་བྷར་ཛིལ་གྱི་གྲོང་ཁྱེར་མི་འདྲ་བ་༨༣ ནང་གི་མི་ས་ཡ་གཅིག་དང་ཕྱེད་ཀ་ཙམ་གྱིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། སྲིད་འཛིན་ལྕམ་ཌིལ་མཱ་རུ་སི་ཧྥི་གོ་གནས་ནས་ཕྱིར་ཕུད་དགོས་པ་དང། རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་མེད་པར་འཁྱིལ་པའི་གནས་སྟངས། དེ་བཞིན་སྲིད་གཞུང་གི་སྟངས་འཛིན་འོག་ཡོད་པའི་རྡོ་སྣུམ་བཟོ་གྲྭའི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་སོགས་ལ་ངོ་རྒོལ་སྐད་འབོད་བྱས་འདུག
ཟླ་འདིའི་ཕྱི་ཚེས་༡༥ ཉིན་བྷར་ཛིལ་གྱི་གྲོང་ཁྱེར་ཆེ་བ་རི་ཨོ་དང། པོར་ཊོ་ལེག་རི། ས་ཨོ་པཱོ་ལོ། རྒྱལ་ས་བྷར་ཛི་ལི་ཡ་བཅས་གྲོང་ཁྱེར་མི་འདྲ་བ་༨༣ ཙམ་གྱི་ནང་སྲིད་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་བྱུང་ཡོད་པ་དང་། ལྷག་པར་དུ་གྲོང་ཁྱེར་ས་ཨོ་པཱོ་ལོའི་ནང་མི་སེར་༢༡༠༠༠༠ ཙམ་མཉམ་འཛོམས་ཀྱིས་ངོ་རྒོལ་བྱས་ཡོད་འདུག
མི་མང་སྐད་འབོད་ཀྱི་འཕྲེད་དར་དང་སྦྱར་ཡིག་སྟེང་སྲིད་གཞུང་འཛིན་སྐྱོང་གི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་དང། ལྐོག་ཟ་རུལ་སུངས་ནང་འཚུད་པའི་སྲིད་གཞུང་མེད་པར་བཟོ་བའི་ཆེད་དམག་དཔུང་གི་གྱེན་ལངས་དགོས་པ། དེ་བཞིན་རྒྱལ་ཁབ་ཀྱི་བུད་མེད་སྲིད་འཛིན་ཐོག་མ་དང་། སྲིད་འཛིན་ཐེངས་༣༦ པ་ལྕམ་ཌིལ་མཱ་རུ་སི་ཧྥི་ཡིས་གཞུང་འཛིན་པའི་རྗེས། རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་ཡར་རྒྱས་མེད་པའི་རྒྱུ་རྐྱེན་སོགས་ལ་བརྟེན་ནས། སྲིད་འཛིན་ལྕམ་གོ་གནས་ལས་ཕྱིར་འཕུད་དགོས་པའི་སྐད་འབོད་བྱས་ཡོད་འདུག
དེ་བཞིན་ཟླ་བ་སྔོན་མའི་ནང་བྷར་ཛིལ་གྱི་ཆེས་མཐོའི་ཁྲིམས་ཁང་ནས་སྲིད་གཞུང་གི་སྟངས་འཛིན་འོག་ཡོད་པའི་རྡོ་སྣུམ་བཟོ་གྲྭ་ཞིག་གི་གཞུང་ཞབས་ལས་བྱེད་༥༤ ལ། ལྐོག་ཟ་རུལ་སུངས་ལ་དང་འབྲེལ་བའི་ཉེས་འཛུགས་འོག་ཞིབ་བཤེར་བྱ་རྒྱུའི་ཆོག་མཆན་སྤྲོད་ཡོད་པ་རེད།
རེས་གཟའ་ཉི་མའི་སྐད་འབོད་ཉིན་ལྕམ་ཌིལ་མཱ་རུ་སི་ཧྤི་མི་མང་ཁྲོད་མཐོང་རྒྱུ་མེད་ནའང། བརྙན་འཕྲིན་ཐོག་ཁོང་གི་བློན་ཆེན་ཞིག་གིས་གསར་འགོད་ལྷན་ཚོགས་སྐབས་སྲིད་གཞུང་ངོས་ནས་ལྐོག་ཟ་རུལ་སུངས་བཀག་ཐབས་ཀྱི་ལས་འཆར་རིམ་པས་ལག་བསྟར་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
དེའང་ལྕམ་རུ་སི་ཧྥི་ཡིས་ཕྱི་ལོ་༢༠༠༣ ནས་༢༠༡༠ བར་རྒྱལ་ཁབ་ཀྱི་རྡོ་སྣུམ་ཁེ་ལས་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་ཁུར་པའི་སྐབས་རུལ་སུངས་ཀྱི་གནད་དོན་བྱུང་ཡོད་ཅིང་། གནད་དོན་དེའི་ཐོག་ཞིབ་འཇུག་མཁན་ཚོས་ཆབ་སྲིད་ཚོགས་པ་མི་འདྲ་བ་ལྔ་ཙམ་མི་གནད་དོན་དེའི་ནང་ཚུད་ཡོད་ཀྱང་། ལྕམ་རུ་སི་ཧྤི་གནད་དོན་དེའི་ནང་ཚུད་ཡོད་མེད་ཁ་གསལ་མེད་པ་དང་། ཁྲིམས་ཁང་ནས་ཁོང་མོར་དམིགས་གསལ་བརྟག་དཔྱད་བྱས་མེད་ཀྱང་། ཁོང་མོས་གཏམ་བཤད་སྐབས་ལྐོག་ཟ་རུལ་སུངས་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱིས་དཀའ་ངལ་དེའི་རིགས་རྩར་ནས་མེད་པ་བཟོ་འཆར་ཡོད་སྐོར་བརྗོད་ཡོད་པ་མ་ཟད། མོས་མི་མང་གིས་སྐད་འབོད་ནི་མང་གཙོའི་ཐོབ་ཐང་ཡིན་སྐོར་བརྗོད་འདུག ངོ་རྒོལ་བྱེད་མཁན་གྱི་མི་གྲངས་མང་ཤོས་ལྕམ་རོ་སི་ཧྥི་ཡི་ཆབ་སྲིད་ཁ་གཏད་ཚོགས་པའི་ཕྱོགས་གཏོགས་དང་། སྲིད་འཛིན་འོས་འདེམས་སྐབས་ཁོང་མོར་རྒྱབ་སྐྱོར་མི་བྱེད་མཁན་གྲས་ཡིན་པ་རེད།
ཕྱི་ལོ་༢༠༡༤ ཟླ་༡༠ ཚེས་༢༦ ཉིན་ལྕམ་རུ་སི་ཧྥི་ལ་སྲིད་འཛིན་གྱི་གོ་སྐབས་ཐེངས་གཉིས་པ་དེ་ཐོབ་ཡོད་ནའང་འབྱུང་འགྱུར་གྱི་ལོ་བཞིའི་ནང་། ཁོང་མོར་ཆབ་སྲིད་དང་དཔལ་འབྱོར་གཉིས་ཐད་དཀའ་ངལ་ཆེན་པོ་འཕྲད་སྲིད་སྐོར་གནད་དོན་དབྱེ་ཞིབ་པ་མང་པོས་བརྗོད་འདུག།
གསར་འགོད་པ་བསྟན་འཛིན་ཟླ་བ།