ཨ་རིས་ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་མེད་སྐོར་བསྐྱར་དུ་བསྒྲགས་འདུག
ཨ་རིས་དེ་སྔོན་ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་མེད་ཅེས་པའི་ཚིག་གྲུབ་དེ་གཞུང་འབྲེལ་དྲ་རྒྱ་ནས་ཕྱིར་འཐེན་བྱས་ཀྱང་། ཉེ་ཆར་ཚིག་སྒྲུབ་དེ་བསྐྱར་དུ་བཀོད་ཡོད་འདུག
ཨ་རིས་དེ་སྔོན་ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་མེད་ཅེས་པའི་ཚིག་གྲུབ་དེ་གཞུང་འབྲེལ་དྲ་རྒྱ་ནས་ཕྱིར་འཐེན་བྱས་ཀྱང་། ཉེ་ཆར་ཚིག་སྒྲུབ་དེ་བསྐྱར་དུ་བཀོད་ཡོད་འདུག
ཟླ་༦ པའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་བ་སྔོན་མའི་ཚེས་༥ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་ཐོག་ཏུ། ཨ་རི་དང་ཐའེ་ཝན་བར་གྱི་འབྲེལ་བའི་ཐོག་གི་བསྒྲགས་ཡིག་ནང་ནས། ཨ་རིས་ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་པའི་ཚིག་གྲུབ་དང་། དེ་བཞིན་རྒྱ་ནག་གིས་ཐའེ་ཝན་དེ་རྒྱ་ནག་གི་ཆ་ཤས་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་ཨ་རིས་ངོས་ལེན་བྱེད་ཀྱི་ཡོད་སྐོར་བརྗོད་པའི་ཚིག་གྲུབ་གཉིས་པོ་ཕྱིར་འཐེན་བྱས་ཡོད་འདུག་པས། རྒྱ་ནག་གཞུང་གིས་བྱ་སྤྱོད་དེར་སྐྱོན་བརྗོད་བྱས་ཡོད་འདུག
འོན་ཀྱང་ཉེ་ཆར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་ཐོག་ཏུ། ཨ་རིས་ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་པའི་ཚིག་གྲུབ་དེ་བསྐྱར་དུ་བཀོད་ཡོད་འདུག་པ་དང་། དེའི་སྐོར་ཐོག་མར་ཟླ་༦ པའི་ཚེས་༢ ཉིན་ཐའེ་ཝན་གྱི་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་ཡོད་འདུག་པ་དང་། འགྱུར་བ་དེ་ཟླ་༥ པའི་ཚེས་༢༨ ཉིན་ལག་བསྟར་བྱས་ཡོད་འདུག འོན་ཀྱང་དེ་སྔོན་ཕྱིར་འཐེན་བྱས་པའི་ཚིག་གྲུབ་སྟེ་ཨ་རིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ནི་རྒྱ་ནག་གི་གཞུང་གཅིག་པུ་དེ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་རྒྱ་ནག་གཅིག་ལས་མེད་པ་དང་ཐའེ་ཝན་ནི་རྒྱ་ནག་གི་ཆ་ཤས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ངོས་ལེན་བྱེད་ཀྱི་ཡོད་ཟེར་བ་དེ་བསྐྱར་དུ་དྲ་ཐོག་ཏུ་བཞག་མེད་པ་རེད།
ཐའེ་ཝན་གྱི་གསར་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་ལ་གནད་དོན་དེ་ནི་རྒྱ་ནག་གི་སྐྱོན་བརྗོད་དང་ངོ་རྒོལ་ལ་ཡ་ལན་ཡིན་མིན་སྐོར་དྲིས་སྐབས། མིང་འདོན་བྱེད་འདོད་མེད་པའི་ལས་བྱེད་དེས། དེ་འདྲ་ཞིག་རྩ་བ་ནས་མིན་པ་དང་། ཨ་རིས་ག་དུས་ཡིན་ཡང་རྒྱ་ནག་དང་མཉམ་དུ་རྒྱ་ནག་གཅིག་གི་སྲིད་བྱུས་དེའི་སྐོར་བརྡ་ལན་གསལ་པོ་སྤྲད་ཡོད་སྐོར་བརྗོད་འདུག
རྒྱ་ནག་གིས་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་རྒྱུན་མི་ཆད་པར་བྱེད་ཀྱི་ཡོད་ན་ཡང་། ཨ་རིས་སྣེ་ཁྲིད་པའི་མང་གཙོའི་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་ཐའེ་ཝན་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་དང་། དེ་སྔོན་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་དངོས་སུ་གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་དྲག་རྒོལ་བྱས་པ་ཡིན་ན། ཨ་རི་ཐའེ་ཝན་གྱི་རྒྱབ་ཏུ་ལངས་ནས་ཐའེ་ཝན་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
འདི་ལོའི་ཟླ་༣ པའི་ནང་ཨ་རིའི་ཕྱི་སྲིད་བློན་ཆེན་ཟུར་པ་མཱེག་པཱོམ་པཱེ་ཡིས་ཐའེ་ཝན་དུ་ཕྱོགས་སྐྱོད་སྐབས། ཨ་རིས་ཐའེ་ཝན་དེ་རང་དབང་རང་བཙན་གྱི་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱེད་དགོས་སྐོར་བརྗོད་པས། རྒྱ་ནག་ཁོང་ཁྲོ་ལངས་ཡོད་པ་རེད། དེ་བཞིན་ཨ་རིའི་སྲིད་གཞུང་སྐབས་སྔོན་མ་དང་ད་ཡོད་སྲིད་གཞུང་གཉིས་ཀའི་དུས་སུ། ཨ་རི་ནས་ཐའེ་ཝན་ལ་རང་སྲུང་གི་ཆེད་དུ་མཚོན་ཆ་བཙོང་རྒྱུ་ཤུགས་ཆེ་རུ་སོང་ཡོད་པ་དང་། དེ་ནི་ཨ་རིས་རྒྱུན་དུ་ནས་ཐའེ་ཝན་ལ་རང་སྲུང་གི་རྒྱབ་སྐྱོར་བྱེད་རྒྱུ་ཡིན་སྐོར་བརྗོད་བཞིན་པ་དང་འབྲེལ་བ་ཡོད་པ་རེད། །
གསར་འགོད་པ་སྐལ་བཟང་དོན་གྲུབ།