གཞིས་བྱེས་མཉམ་འཛོམས་ཀྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད།
ཟླ་འདིའི་ཚེས་༤ ཉིན་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་ནཱ་ལེནྡྲའི་སློབ་དཔོན་ཆེན་མོ་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་གསུང་ཆོས་ཀྱི་ཉིན་གཉིས་པའི་སྐབས་སུ་༧གོང་ས་མཆོག་གིས”རྒྱ་ནག་ནང་དུ་འགྱུར་བ་འགྲོ་བཞིན་འདུག་པས་རིམ་བཞིན་ང་ཚོ་གཞིས་བྱེས་མཉམ་འཛོམས་ཀྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད། ཚང་མ་བློ་བདེ་པོ་བྱས་ནས་སྡོད་ཤོག་ཨ།” ཞེས་སོགས་བཀའ་སློབ་སྩལ་ཡོད་པ་རེད།
ཚད་མ་རྣམ་འགྲེལ་ལེའུ་གཉིས་པའི་བཀའ་ཆོས་མཛད་བཞིན་པའི་སྐབས་སུ་༧གོང་ས་མཆོག་གིས་ངོས་རང་ལ་༸རྒྱལ་བ་རིན་པོ་ཆེའི་མིང་ཐོགས་ཡོད་པ་རེད། སངས་རྒྱས་པའི་ཆོས་ངོ་སྤྲོད་བྱས་ཏེ་ཉམས་ལེན་བྱེད་པའི་སྙིང་པོར་བབ་ཡོང་དུས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བཤད་བཞིན་ཡོད། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་ཐུགས་སྨོན་གནང་བ་ལྟར་ངོས་ཀྱིས་ཀྱང་ལག་ལེན་སྐྱེལ་བཞིན་ཡོད། ཁྱོད་ཚོ་ཚང་མ་ཏཱ་ལའི་བླ་མའི་སློབ་མ་དམ་ཚིག་ལྡན་པ་ཆགས་བསྡད་ཡོད་པ་རེད། དེར་བརྟེན། ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་ཡག་པོ་ཐོངས། མཁྱེན་སོང་ངམ། ཞེས་དང་།
བོད་ནང་ཁྱབ་བརྡལ་དུ་འགྲོ་བཞིན་པའི་ནད་ཡམས་དང་འབྲེལ་བའི་ཐོག་༧གོང་ས་མཆོག་གིས་”ད་ལྟ་གནས་ཚུལ་ཞིག་ལ་བོད་ནང་དུ་ནད་ཡམས་རྐྱེན་གྱིས་བཀག་སྡོམ་དམ་དྲག་ཆེན་པོས་མི་མང་ལ་ཧ་ཅང་དཀའ་ངལ་འཕྲད་ཀྱི་འདུག་ཟེར། གང་ལྟར་ང་ཚོ་རྒྱ་བོད་ཀྱི་འཐབ་རྩོད་འདི་གཙོ་བོ་སངས་རྒྱས་པའི་ཆོས་ལའང་འབྲེལ་ཡོད། རྒྱ་མིས་ང་ཚོ་བོད་རྒྱ་ཆེའི་མི་མང་གི་ལྟ་བ་དང་སྤྱོད་པ་གཏན་ནས་བསྒྱུར་ཐུབ་ཀྱི་མ་རེད། ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དང་། དེ་དང་འབྲེལ་བའི་རིག་གཞུང་རིམ་བཞིིན་རྒྱ་ནག་ལ་ཁྱབ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། དེར་བརྟེན། འཕྲལ་གྱི་རྐྱེན་ངན་དེ་ལྟ་བུ་ཤར་ཡོང་དུས་ཚང་མ་སེམས་མི་ཞུམ་པ་གལ་ཆེ། ང་ཚོ་བོད་གངས་ཅན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན། ལྷ་སའི་ཇོ་བོ་དང་། དེ་བཞིན་ལོ་ཀེ་ཤྭ་ར་བཅས་ཇོ་ཤཱཀ་རྣམ་གསུམ་ལ་ཚང་མས་སྨོན་ལམ་ཡག་པོ་རྒྱོབ། ངོས་རང་ས་ཁུལ་རྒྱང་ནས་ཡོད་ཀྱང་ལས་དང་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པས་༸རྒྱལ་བ་རིན་པོ་ཆེ། ཏཱ་ལའི་བླ་མ་དྲན་པ་བྱོས། གང་ལྟར་གཙོ་བོ་ང་ཚོའི་བདེན་པའི་མཐའ་གསལ་གྱི་རེད་བསམ་པ་ཞིག་གིས་བློ་བདེ་པོ་བྱོས་ནས་སྡོད། ངོས་རང་ལ་མཚོན་ནའང་ད་ལྟ་ལོ་བརྒྱད་ཅུ་གྱ་བདུན་ལ་སླེབས་ཡོད། ད་ལྟ་གཟུགས་པོ་བདེ་ཐག་ཆོད་ཡོད། ཨེམ་ཆི་ཚོས་བརྟག་དཔྱད་སྐབས་ངོས་རང་ད་དུང་ལོ་བཅོ་ལྔ་ཉི་ཤུར་སྡོད་ཀྱི་རེད་ཅེས་རྗོད་ཀྱི་འདུག དེར་བརྟེན། བོད་རྒྱ་ཆེའི་མི་མང་ཚོ་བློ་བདེ་པོར་བཞུགས། རྒྱ་ནག་ནང་དུ་འགྱུར་བ་འགྲོ་བཞིན་འདུག་པས་རིམ་བཞིན་ང་ཚོ་གཞིས་བྱེས་མཉམ་འཛོམས་ཀྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད། ཚང་མ་བློ་བདེ་པོ་བྱོས། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སློབ་གནང་ཡོད།
ཐེངས་འདིའི་བཀའ་ཆོས་ཀྱི་དོན་དུ་ཐེ་ཝན་གྱི་དད་ལྡན་མི་མང་༦༠༠ གཙོས་པའི་རྒྱལ་ཁབ་ཁག་༥༥ ནས་དད་ལྡན་ཆོས་ཞུ་བ་ཁྱོན་བསྡོམས་༥༠༠༠ ལྷག་ཕེབས་ཡོད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།