བོད་དོན་དག་སྐྱེལ་གྱི་དཔེ་དེབ་བོད་བསྒྱུར་གསར་ཐོན།
བོད་དོན་དག་སྐྱེལ་ཞེས་པའི་དེབ་དེ་༡༩༨༩ ལོར་བོད་ནང་ནས་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་ཡར་ལངས་བྱས་རྗེས། རྒྱ་ནག་གཞུང་གིས་བོད་དོན་སྐོར་ལ་དྲི་བ་བརྒྱ་བཟོས་པ་དང་། དེའི་དྲིས་ལན་བརྒྱ་ཡང་རྒྱ་ནག་གཞུང་གིས་བཏབ་པའི་དཔེ་དེབ་དེར་བོད་རིག་པ་ཞིབ་འཇུག་མཁས་པ་བཅོ་ལྔས་དེབ་དེའི་ཐོག་ཞིབ་འཇུག་དང་ལན་འདེབས་བྱས་པའི་དེབ་ཅིག་ཡིན་པ་རེད།
བོད་དོན་དག་སྐྱེལ་ཞེས་པའི་དེབ་དེ་༡༩༨༩ ལོར་བོད་ནང་ནས་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་ཡར་ལངས་བྱས་རྗེས། རྒྱ་ནག་གཞུང་གིས་བོད་དོན་སྐོར་ལ་དྲི་བ་བརྒྱ་བཟོས་པ་དང་། དེའི་དྲིས་ལན་བརྒྱ་ཡང་རྒྱ་ནག་གཞུང་གིས་བཏབ་པའི་དཔེ་དེབ་དེར་བོད་རིག་པ་ཞིབ་འཇུག་མཁས་པ་བཅོ་ལྔས་དེབ་དེའི་ཐོག་ཞིབ་འཇུག་དང་ལན་འདེབས་བྱས་པའི་དེབ་ཅིག་ཡིན་པ་རེད།
ཟླ་འདིའི་ཚེས་༦ ཉིན་གྱི་སྔ་དྲོ་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་། <<བོད་དོན་དག་སྐྱེལ་>>གྱི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་པ་དང་། དེར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་དང་། གྲོས་ཚོགས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཕེབས་ཡོད་པ་རེད།
དཔེ་དེབ་དེ་ནི་༡༩༨༩ ལོར་བོད་ནང་ནས་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་ཡར་ལངས་བྱས་རྗེས། རྒྱ་ནག་གཞུང་གིས་བོད་དོན་སྐོར་ལ་དྲི་བ་བརྒྱ་བཟོས་པ་དང་། དེའི་དྲིས་ལན་བརྒྱ་ཡང་རྒྱ་ནག་གཞུང་གིས་བཏབ་སྟེ། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། རྒྱ་ནག་གི་འོག་ཏུ་མི་མང་ལ་བདེ་སྐྱིད་ཡོད་པའི་སྐོར་བཀོད་ཡོད་པ་རེད། དེ་རྗེས་བོད་རིག་པ་ཞིབ་འཇུག་མཁས་པ་བཅོ་ལྔས་དེབ་དེའི་ཐོག་ཞིབ་འཇུག་བྱས་ཏེ། ལན་འདེབས་བྱས་པའི་དེབ་ཅིག་དབྱིན་ཡིག་དང་ཧྥ་རིན་སིའི་ཡི་གེ་ནང་པར་སྐྲུན་བྱས་ཡོད་པ་རེད། ཞིབ་འཇུག་པ་མི་བཅོ་ལྔའི་ནང་དུ་བོད་མི་མཁས་དབང་ཤཀྱཱ་ཚེ་རིང་དང་། མཁར་རྨེའུ་བསམ་བསྟན། བྱམས་པ་སྤང་ལུང་བཅས་གསུམ་ཡོད་པ་ལས་དེ་མིན་ཚང་མ་ཕྱི་རྒྱལ་བ་ཡིན་འདུག
དེབ་དེ་བོད་ཀྱི་དཔེ་མཛོད་ཁང་ནས་བོད་བསྒྱུར་བྱས་ཏེ། པར་སྐྲུན་བྱས་པ་ཞིག་ཡིན་པ་དང་། དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་གྱིས་ངོ་སྤྲོད་གསུང་བཤད་གནང་སྐབས། རྒྱ་ནག་གཞུང་གིས་དྲི་བ་བརྒྱ་དང་དྲིས་ལན་བརྒྱ་ཡོད་པའི་དེབ་ཅིག་བཏོན་ནས་བོད་པའི་གནད་དོན་ནག་གསུབ་གཏོང་ཐབས་བྱས་པ་དང་། དེ་དངོས་ཡོད་གནས་ཚུལ་ཡིན་མིན་མཁས་པ་བཅོ་ལྔས་ཉམས་ཞིབ་བྱས་ཏེ། <<བོད་དོན་དག་སྐྱེལ་>>ཞེས་པའི་དེབ་དེ་བཏོན་པ་རེད། ཞིབ་འཇུག་པ་ཚོས་རྒྱ་ནག་གི་ཕྱོགས་དང་བོད་པའི་ཕྱོགས་གང་ཡང་མ་ཡིན་པར་ཞིབ་འཇུག་བྱས་ཏེ་དེབ་ཅིག་བཏོན་ཡོང་སྐབས། བདེན་པ་གང་ཡིན་གསལ་པོ་ཆགས་པ་དང་། ང་ཚོའི་ངོས་ནས་ནོར་འཁྲུལ་ག་རེ་ཤོར་ཡོད་མེད་ལ་དོ་སྣང་ཡོང་རྒྱུ་ཡིན་པས། དེབ་དེ་གལ་ཆེན་ཡིན་སྐོར་ངོ་སྤྲོད་གནང་སོང་།
སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་བོད་ཀྱི་དཔེ་མཛོད་ཁང་གི་ལས་དོན་བྱེད་ཕྱོགས་ལ་བསྔགས་བརྗོད་གནང་བ་དང་འབྲེལ་དཔེ་དེབ་དེའི་སྐོར་ལ་གསུང་བཤད་གནང་དོན། “རྒྱ་ནག་གཞུང་གིས་དེབ་དེ་ང་ལྡི་ལི་མཐོ་སློབ་ལ་ཡོད་སྐབས་བཏོན་པ་རེད་ལ། དེབ་དེ་བཀླགས་ན་བོད་པ་སུ་གཅིག་གིས་ཡིད་ཆས་བྱེད་ཀྱི་མ་རེད་མོད། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། ཆོས་དང་རིག་གཞུང་། དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་སྐོར་བཀོད་ཡོང་སྐབས། ལན་ག་འདྲ་ཞིག་རྒྱག་དགོས་ཀྱི་ཡོད་ན་བསམ་བློའི་ནང་འཁོར་མྱོང་ཡོད་”ཅེས་དེབ་དེ་ཡང་ནས་བསྐྱར་དུ་བཀླགས་ཏེ་དོ་སྣང་དགོས་སྐོར་གསུངས་སོང་།
ཁོང་གིས་མུ་མཐུད་གསུང་དོན། “རྗེས་ནས་དེབ་དེའི་ཐོག་མཁས་དབང་བཅོ་ལྔས་ཞིབ་འཇུག་བྱས་ཏེ་ལན་བརྒྱབ་པ་དེས་བོད་པ་སུས་བཀླགས་ནའང་ཕན་ཐོགས་ཀྱི་རེད། དེ་དང་མཉམ་དུ་རྩིས་དཔོན་ཞྭ་སྒམ་པ་དང་། མཱལ་ཁེལ་ཝན་(Michael van Walt) སློབ་དཔོན་ཟླ་བ་ནོར་བུ། ཤཀྱཱ་ཚེ་རིང་སོགས་ཀྱིས་བོད་དོན་སྐོར་བྲིས་པ་མང་པོ་ཡོད་པས། དེ་ཚོར་ལྟ་རྒྱུ་གལ་ཆེན་པོ་རེད། དེ་རིང་གི་དེབ་དེའི་ནང་ནུབ་ཕྱོགས་པའི་ཞིབ་འཇུག་བྱེད་སྟངས་ཁུངས་ལྡན་ཡིན་ཞེས་ལན་རྒྱག་གི་རེད། བོད་པ་ཞིག་གིས་དེབ་དེ་བཀླགས་སྐབས་དེ་འདྲ་ཨེ་ཡིན་ན། རྩིས་དཔོན་ཞྭ་སྒམ་པའི་དེབ་ནང་འདི་འདྲ་ཞིག་འདུག དེབ་འདིའི་ནང་ང་ཚོ་དང་མ་འདྲ་ཞིག་འདུག་བསམ་པ་ཡོང་གི་རེད། ནུབ་ཕྱོགས་པས་མཁས་པ་དེ་ཚོས་བོད་རྒྱལ་ཁབ་རང་བཙན་ཡིན་པ་གང་ཞིག་ལ་སྐབས་དང་དུས་ལ་གནས་ཚུལ་བྱུང་ཡོད་སྐོར་གྱི་ཁོ་རང་ཚོས་ལྟ་སྟངས་བྲིས་ཡོད་པ་རེད། དེབ་དེའི་ནང་དུ་ཡོད་པ་ཚང་མ་ཁས་ལེན་དགོས་པ་རེད་བཤད་ཐུབ་ཀྱི་མ་རེད། དེབ་གཞན་པ་མང་པོ་བཀླགས་ཏེ་མཉམ་ཞིབ་བྱས་ནས་སོ་སོས་རིག་པ་རྙེད་པའི་ཐོག་ནས་ལན་འདེབས་དགོས་པ་གལ་ཆེན་པོ་རེད་”ཅེས་དང་། མ་འོངས་པར་བོད་མི་རང་ངོས་ནས་དོ་སྣང་དང་སློབ་སྦྱོང་བྱས་ཏེ། རྒྱ་ནག་ལ་ལན་འདེབས་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དཔེ་དེབ་དེའི་སྐོར་གསུང་བཤད་གནང་དོན། “ཆབ་སྲིད་དང་འབྲེལ་བའི་ལས་དོན་དེ་ཚོ་མཁས་དབང་ཚོས་གནང་སྟེ། མཐུན་འགྱུར་དེ་འཛིན་སྐྱོང་གིས་གནང་ན། དུས་ཐོག་ཏུ་འདོན་པའི་ཁྱད་པར་ཡོང་གི་རེད། རྒྱ་ནག་གི་དྲི་བ་བརྒྱ་ལ་ལན་བརྒྱ་དེ་༡༩༨༩ ལོར་བཏོན་པ་རེད། དེའི་སྐབས་བོད་མིས་རྒྱ་ནག་ལ་ངོ་རྒོལ་བྱས་པར་བརྟེན། རྒྱ་ནག་གིས་དེབ་དེ་འདྲ་འདོན་དགོས་ཐུག་པར་ངོས་འཛིན་བྱས་ན་འགྲིག་གི་རེད། ཆབ་སྲིད་ཀྱི་ལས་དོན་དེ་ཚོ་དུས་འགྱངས་སོང་ན། ཏག་ཏག་འདུག་གི་མ་རེད་”ཅེས་དང་། རྒྱ་ནག་གིས་བཏོན་པའི་དེབ་དེར་ལན་འདེབས་<<བོད་དོན་དག་སྐྱེལ་>>ཞེས་པའི་དེབ་དེའི་ནང་དོན་ཡང་ཆ་ཚང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་འཛིན་བྱེད་ཕྱོགས་དང་མཐུན་མ་མཐུན་ཚང་མ་ཡོད་པས། དེ་ཚོར་དོ་སྣང་དགོས་སྐོར་གསུངས་སོང་། བོད་དོན་ཐོག་དོ་སྣང་ཡོད་མཁན་སུ་ཡིན་ནའང་རྒྱ་ནག་གིས་ག་རེ་བཤད་ཀྱི་འདུག རྒྱལ་སྤྱིའི་ཐོག་ནས་ག་རེ་བཤད་ཀྱི་འདུག ང་ཚོས་ལྟ་སྟངས་ག་འདྲ་ཡིན་ཚང་མར་དོ་སྣང་བྱས་ཏེ། མི་ལ་འགྲེལ་བཤད་རྒྱག་དགོས་སྐོར་དང་། རྒྱ་ནག་གི་ངོས་ནས་དྲིལ་བསྒྲགས་ཧ་ཅང་ཤུགས་ཆེན་པོ་འཛམ་གླིང་ཐོག་བྱེད་ཀྱི་ཡོད་པས། བོད་པའི་ངོས་ནས་ཀྱང་ལངས་ཕྱོགས་ཡིག་ཐོག་ཏུ་འགོད་དགོས་པ་གལ་ཆེན་ཡིན་སྐོར་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།