ཨེ་ཤི་ཡའི་གཞོན་ནུའི་མཐུན་ཚོགས་ཀྱིས་བོད་ལ་གདུང་སེམས་མཉམ་སྐྱེད་ཞུས་འདུག
ཟླ་འདིའི་ཚེས་ ༡༨ ནས་ཉིན་གསུམ་རིང་རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུའི་མཐུན་ཚོགས་ཀྱིས་ཨེ་ཤི་ཡའི་མངའ་ཁུལ་གྱི་ལྷན་ཚོགས་ཤིག་མ་ལའི་ཤི་ཡའི་ཀུ་ལཱ་ལམ་པུར་(Kuala Lampur Malaysia) འཚོགས་ཡོད་པ་རེད།
ཟླ་འདིའི་ཚེས་ ༡༨ ནས་ཉིན་གསུམ་རིང་རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུའི་མཐུན་ཚོགས་ཀྱིས་ཨེ་ཤི་ཡའི་མངའ་ཁུལ་གྱི་ལྷན་ཚོགས་ཤིག་མ་ལའི་ཤི་ཡའི་ཀུ་ལཱ་ལམ་པུར་(Kuala Lampur Malaysia) འཚོགས་ཡོད་པ་རེད།
དེ་ཉིན་གསུམ་རིང་གི་ ལྷན་ཚོགས་འདི་ནི་མ་ལའི་ཤི་ཡའི་གཞོན་ནུའི་སྤྱི་ཚོགས་དམངས་གཙོ་ཚོགས་པས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། ལྷན་ཚོགས་ཐོག་ཐའི་ལན་ཌི་དང། ཉི་ཧོང། རྒྱ་གར། བལ་ཡུལ། ཨིན་ཌོ་ནི་ཤི་ཡ། ཧྤེ་ལི་ཕིན། ནིའུ་ཛི་ལན་ཌི་བཅས་ཀྱི་སྤྱི་ཚོགས་གཞོན་ནུའི་ཚོགས་པ་དང་སློབ་ཕྲུག་ཚོགས་པ་སོགས་མཉམ་བཞུགས་གནང་ཡོད་པ་རེད། ལྷན་ཚོགས་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིག་མེད་འཚོགས་བཅར་བྱས་ཡོད་པ་དང་། འདི་ལོའི་ལྷན་ཚོགས་ཀྱི་གྲོས་གཞི་ནི་ལྗང་མདོག་གི་དབང་འགྱུར་ཏེ་གནམ་གཤིས་འགྱུར་བ་ཞི་འཇམ་དང་བབ་བསྟུན་(Green Governance: the urgent task of climate change mitigation and adaptation)ཅེས་པ་ཡིན་འདུག
ལྷན་ཚོགས་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་དང་དེས་ལྷོ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཇི་བྱུང། དེ་བཞིན་བོད་ནང་གི་ཛ་དྲག་གི་གནས་སྟང་དང་བོད་ཀྱི་རང་ལུས་མེར་སྲེག་གི་གནས་བབས་སོགས་ངོ་སྤྲོད་བྱས་པ་དང། ལྷན་ཚོགས་ཐོག་བོད་ཀྱི་རང་ལུས་མེར་སྲེག་གི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་ནག་གིས་ཁྲིམས་འགལ་ཐོག་བོད་ལ་དབང་བསྒྱུར་བྱས་པའི་ངོས་འཛིན་གྱི་གྲོས་ཆོད་ཞིག་ཀྱང་སྤྱི་མོས་ཐོག་བཞག་ཡོད་འདུག
གཞན་ཡང་ལྷན་ཚོགས་ཐོག་ཧོང་ཀོང་གི་མང་གཙོའི་ལས་འགུལ་དང་། པ་ཀི་སི་ཐན་ནང་འཇིགས་སྐུལ་དྲག་སྤྱོད་པས་ཉེས་མེད་ཕྲུ་གུ་ ༡༤༥ ལྷག་དམར་གསོད་བཏང་བའི་གནད་དོན་ཐོག་ལ་ཡང་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་བཞག་ཡོད་འདུག སྐབས་དེར་ཉི་ཧོང་གི་འཐུས་མི་སྐུ་ཞབས་ཇོན་ཡཱ་ཨ་རི་ཐ་ཡིས་ད་ལྟའི་ཛ་དྲག་གི་དུས་སྐབས་འདིར་ང་ཚོས་བོད་ཀྱི་ཞི་བདེ་དང་རང་བཙན་ལ་རྒྱབ་སྐྱོར་ངེས་པར་བྱེད་དགོས་ཀྱི་འདུག་ཅེས་བརྗོད་ཡོད་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས་ང་ཚོས་འདི་གོ་སྐབས་ཤིག་ལ་ངོས་འཛིན་གྱིས་རྒྱ་ནག་གིས་དུས་རྟགས་ཏུ་ཐུབ་ཚོད་གཏོང་སའི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་གཞོན་ནུའི་ཚོགས་པ་ཁག་དང་འབྲེལ་ལམ་དམ་ཟབ་གཙུགས་ནས་ཁོང་ཚོ་དང་མཉམ་འབྲེལ་ཐོག་རྒྱ་ནག་ལ་ཁ་གཏད་གཅོག་ཐབ་ཇི་ཡོད་ལ་ལྟ་དགོས་ཀྱི་རེད་བསམ་གྱི་ཡོད། ལྷན་ཚོགས་ཐོག་ཕེབས་པའི་འཐུས་མི་དེ་དག་གི་རྒྱལ་ཁབ་ལ་དུས་རྟགས་ཏུ་རྒྱ་མིས་ཐུབ་ཚོད་གཏོང་བཞིན་ཡོད་པས་ང་ཚོས་ངེས་པར་དུ་ལག་འདང་འབྲེལ་ནས་གང་དགའ་ཅི་ལེགས་ལྟ་དགོས་སྐོར་བརྗོད་འདུག
རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུའི་མཐུན་ཚོགས་ནི་ ༡༩༠༧ ལོར་གསར་འཛུགས་བྱས་པ་དང། རྒྱལ་སྤྱིའི་ནང་གི་གཞོན་ནུའི་ཆབ་སྲིད་ཚོགས་པ་ཆེ་ཤོས་ཤིག་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་གཞོན་ནུའི་མཐུན་ཚོགས་ལ་རྒྱལ་ཁབ་ ༡༠༠ ལྷག་གི་གཞོན་ནུའི་ཚོགས་པ་ཁག་ ༡༥༠ ཙམ་གྱི་ཚོགས་མི་ཡོད་པ་དང། ཚོགས་པ་དེ་དག་ཚང་མ་ནི་རང་བཙན་དང། མང་གཙོ། རང་དབང། འགྲོ་བ་མིའི་ཐོབ་ཐང། འདྲ་མཉམ་སོགས་འཐབ་རྩོད་བྱེད་མཁན་ཡིན་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།