ཚད་ལས་བརྒལ་བའི་ཧམ་བཤད།

རྒྱ་ནག་གཞུང་གིི་མི་རིགས་ལས་དོན་སྐོར་གྱི་དཔོན་རིགས་དང་འདས་པའི་དུས་ཡུན་རིང་པོར་བོད་རྒྱའི་འབྲེལ་མོལ་བྱེད་ཡུལ་གྱི་མི་སྣ་གཙོ་བོ་ཀྲུའུ་ཝེ་ཆོན་གྱིས། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་འཁྲུངས་དང་མི་འཁྲུངས་ཀྱི་དབང་ཚད་དེ། རྒྱ་དམར་གཞུང་མ་གཏོགས་༧གོང་ས་མཆོག་ལ་མེད་ཅེས་༧གོང་ས་མཆོག་ལ་རྒོལ་གཏམ་བཏང་འདུག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༢༢  ཕྱི་ལོ་ ༢༠༡༤/༡༢/༢༤
རྒྱ་ནག་གཞུང་གིི་མི་རིགས་ལས་དོན་སྐོར་གྱི་དཔོན་རིགས་དང་འདས་པའི་དུས་ཡུན་རིང་པོར་བོད་རྒྱའི་འབྲེལ་མོལ་བྱེད་ཡུལ་གྱི་མི་སྣ་གཙོ་བོ་ཀྲུའུ་ཝེ་ཆོན་གྱིས། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་འཁྲུངས་དང་མི་འཁྲུངས་ཀྱི་དབང་ཚད་དེ། རྒྱ་དམར་གཞུང་མ་གཏོགས་༧གོང་ས་མཆོག་ལ་མེད་ཅེས་༧གོང་ས་མཆོག་ལ་རྒོལ་གཏམ་བཏང་འདུག སྤྱིར་ཆོས་མེད་སྨྲ་བའི་སྲིད་གཞུང་ཞིག་ལ་ཆོས་ཕྱོགས་ཀྱི་བྱ་བར་འགན་ཁུར་གང་ཡང་མེད་པ་དང། ལྷག་པར་ནང་པའི་ཆོས་ཀྱི་གཞུང་ལུགས་ལས་བཤད་པའི་སྐྱེ་བ་སྔ་ཕྱིའི་རྣམ་གཞག་དང། བོད་པའི་སྤྲུལ་སྐུའི་ལམ་ལུགས་གང་ཐད་ནས་བཤད་ཀྱང། སྐྱེས་བུ་དམ་པ་ཞིག་ཡིན་ན་འགྲོ་དོན་དང་གདུལ་བྱ་ལ་གཞིགས་ནས་སྐུ་སྐྱེ་འཁྲུངས་པ་དང། གང་ཟག་རང་ག་བ་ཞིག་ཡིན་ན་ལས་ཀྱི་རྣམ་པར་སྨིན་པ་ལ་བརྟེན་ནས་སྐྱེ་བ་ལེན་པ་ལས། སྲིད་གཞུང་ཞིག་གི་ངོས་ནས་ཐག་གཅོད་བྱེད་ཆོག་པ་དང་བྱེད་ཐུབ་པ་ཞིག་གཏན་ནས་མིན་ལ། ཆོས་མེད་སྨྲ་བའི་གཞུང་ཞིག་གི་ངོས་ནས་དེ་ལྟ་བུ་བཤད་པ་ནི་གཞི་རྩའི་ཐོག་ནས་ག་ཕྱི་ལོག་པ་ཞིག་རེད།
རྒྱ་དམར་དྲག་པོའི་གཞུང་གི་ངོས་ནས་བོད་དོན་དང་འབྲེལ་བའི་སྐོར་ལ་ཧམ་བཤད་འབའ་ཞིག་ལས་གནས་ལུགས་དང་མཐུན་པའི་སྐད་ཆ་ཞིག་ད་བར་བཤད་མྱོང་མེད་ལ། མ་འོངས་པར་ཡང་རྒྱ་དམར་གཞུང་སྟོབས་ཤུགས་ཉམས་གུད་དུ་མ་སོང་བ་དེ་སྲིད་དུ་འདི་ལྟ་བུའི་ཧམ་བཤད་འབའ་ཞིག་བྱེད་ངེས་རེད། ཡང་སྲིད་འཁྲུངས་པ་དང། སྐྱེ་བ་ལེན་དང་མི་ལེན་དེ་སྲིད་གཞུང་གི་དབང་ཚད་ཡིན་ན། ཤི་ཆོག་དང་མི་ཆོག་ཀྱང་སྲིད་གཞུང་གི་ལག་ཏུ་དབང་ཚད་ཡོད་དགོས་པ་ཞིག་ཡིན་པས། མའོ་དང། ཏིང་གཉིས་ཡང་བསྐྱར་གསོན་དུ་འཇུག་དགོས་པ་དང། ཅང་དང། ཧུའུ་སོགས་སོགས་དཔོན་རིགས་ཁག་ཀྱང་ཤི་མི་ཆོག་ཅེས་སྲིད་གཞུང་གིས་སྟངས་འཛིན་བྱེད་དགོས་པ་ཞིག་ཡིན་པས་དེ་ལྟར་བྱེད་ཐུབ་བམ། ༧གོང་ས་མཆོག་གི་ཡང་སྲིད་འཁྲུངས་དང་མི་འཁྲུངས་དེ་༧གོང་ས་མཆོག་གི་ཐུགས་འདོད་དང་གདུལ་བྱའི་དགོས་མཁོ་དང་བསྟུན་དགོས་པ་ལས། ཆོས་མེད་ཀླ་ཀློའི་གཞུང་གིས་སྟངས་འཛིན་བྱ་རྒྱུ་ཡིན་ཞེས་བརྗོད་པ་དེ་གནས་ལུགས་དང་རྒྱུ་མཚན་ཡོད་པ་ཞིག་ག་ལ་ཡིན།

འཛམ་བུའི་གླིང་གི་ཁྱོན་འདིར་སྐད་ཆ་འདི་ལ་དོན་དམ་གྱིས་བདེན་པ་ཡོད་པ་ཞིག་ཏུ་མཐོང་མི་སྲིད་ནའང། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འདི་ལྟ་བུའི་ཧམ་བཤད་ཅན་གྱི་སྲིད་གཞུང་འདིའི་འོག་ཏུ་སྡོད་རྒྱུ་ཡིན་ཞེས་ཨུ་ཚུགས་རྒྱག་བཞིན་ཡོད་པས། ཧམ་བཤད་ཀྱི་སྐད་ཆ་དང་དྲག་གནོན་གྱི་སྲིད་བྱུས་དེ་དག་ལ་སུ་གཅིག་གིས་དོ་སྣང་དང་ཁ་ཡ་བྱེད་མི་ཤེས་པ་ལྟ་བུར་གྱུར་ཡོད། བོད་པ་རང་ཉིད་ལ་རང་ཚུགས་བརྟན་པོ་ཞིག་ཡོད་ན་རྒྱལ་སྤྱིའི་རྒྱབ་སྐྱོར་བྱེད་སྟངས་ལ་ཁྱད་པར་ཞིག་ཡོད་སྲིད་ཀྱང། ད་ནི་བོད་པའི་འཐབ་རྩོད་ཀྱི་ནུས་པ་དེ་ཉིད་ཁ་འཐོར་དགུ་འཐོར་དུ་སོང་ནས་རྩ་དོན་ཞེས་མཛུབ་མོ་འཛུགས་ས་རྙེད་དཀའ་བ་ཞིག་ཏུ་གྱུར་ཟིན། རྒྱ་གཞུང་གི་ཧམ་བཤད་འོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་འཁྲུངས་དང་མི་འཁྲུངས་ཀྱི་དབང་ཚད་ཀྱང། རྒྱ་དམར་སྲིད་གཞུང་ཁོ་ན་ལ་མ་གཏོགས་༧གོང་ས་མཆོག་ལའང་མེད་ཅེས་བརྗོད་ཡོང་བའི་སྐབས་སུ་བོད་མི་ཞིག་གི་ངོས་ནས་སྡུག་ནད་ཐེག་ཐབས་མེད་པའི་སྐད་ཆ་ཞིག་ཏུ་གྱུར་ཡོད།

མི་མང་པོ་ཞིག་གི་སེམས་ལ་རྒྱ་དམར་གཞུང་གི་སྟོབས་ཤུགས་དེ་དར་བའི་དུས་སྐབས་ཡིན་པས་ཉམས་ཆག་ཅིག་འབྱུང་མི་སྲིད་པ་ལྟ་བུའི་ལྟ་སྟངས་ཤིག་ཡོད་ཀྱང། དོན་དངོས་ཐོག་རྒྱ་དམར་གཞུང་ལ་ཕྱི་ནང་གང་ས་ནས་སྟོབས་ཤུགས་ཉམས་དམས་སུ་འགྲོ་བའི་རྒྱུ་རྐྱེན་མང་པོ་ཡོད་པ་དང། ལྷག་པར་དུ་བོད་དང། ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་གནད་དོན་ཐོག་ནས་རྒྱ་དམར་གཞུང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་པ་ཞིག་རེད། འོན་ཀྱང་བཙན་བྱོལ་བོད་པའི་ངོས་ནས་ལོ་ཤས་ནས་བཟུང་འཐབ་རྩོད་ཀྱི་ངར་ཤུགས་ཆུང་དུ་འགྲོ་བཞིན་ཡོད་པ་དང། བོད་ནང་ནས་རྩ་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད་ནའང། ད་ནི་འཆར་ཅན་དང་ཡིན་དབང་ལྟ་བུ་ལས་དམིགས་བསལ་གྱིས་ཤུགས་རྐྱེན་ཡང་ཐེབས་དཀའ་བ་ཞིག་ཏུ་གྱུར་ཟིན། གཙོ་ཆེ་ཤོས་བཙན་བྱོལ་ནང་ལངས་ཕྱོགས་འདྲ་མིན་འཛིན་པར་སྤྱི་ཚོགས་ནང་ནས་སྣེ་མོ་བར་རློམ་མཁན་ཚོས་གནོན་ཤུགས་མང་པོ་སྤྲོད་བཞིན་ཡོད།

མདོར་ན་བཙན་བྱོལ་ནང་ཕྱོགས་གཅིག་ནས་མང་གཙོ་ལག་བསྟར་བྱེད་བཞིན་པའི་སྲིད་གཞུང་ཞིག་ཡིན་པ་དང། རང་དབང་སླར་གསོའི་ཆེད་དུ་ལངས་ཕྱོགས་ག་འདྲ་ཞིག་བཟུང་ཡང་སྤྱི་ཚོགས་ནང་སྤོབས་པའི་ཐོག་ནས་འགྲོ་ཆོག་པ་ཞིག་དགོས། ཕྱོགས་གཅིག་ནས་འཐབ་རྩོད་ཀྱི་དགོས་མཁོའི་ཆ་ནས་ཀྱང་ལངས་ཕྱོགས་འདྲ་མིན་འཛིན་མཁན་མང་པོ་ཡོད་དགོས་པ་འདི་ཉིད་ཧ་ཅང་གལ་ཆེ་བས། རང་བཙན་རྩོད་མཁན་དང། མི་རིགས་ས་གནས་རང་སྐྱོང་རྩོད་མཁན་གྱི་ལངས་ཕྱོགས་གཉིས་ཀ་སྤྱི་ཚོགས་ནང་ཡོད་པ་དེ་མངོན་གསལ་གྱི་ཐོག་ནས་འགྲོ་ཐུབ་དགོས་པ་ལས། ཅིག་ཤོས་མེད་པ་བཟོ་དགོས་པ་ཞིག་གཏན་ནས་མིན། རྒྱ་གཞུང་གི་བོད་དོན་ཐག་གཅོད་བྱེད་པའི་རེ་བ་ཞིག་ཡོད་ན་བསམ་བློ་གཏོང་དགོས་པ་ཞིག་ཡིན་སྲིད་ཀྱང། ༧གོང་ས་མཆོག་གི་ཡང་སྲིད་འཁྲུངས་མི་འཁྲུངས་ཀྱང་རྒྱ་གཞུང་གི་དབང་ཆ་ཡིན་ཞེས་ཚད་ལས་བརྒལ་བའི་ཧམ་བཤད་དང་བཙན་བཀའ་གཏོང་བཞིན་ཡོད་པས་ང་ཚོའི་སྤྱི་ཚོགས་ཁ་འཐོར་དུ་འགྲོ་མི་རུང་བ་ཧ་ཅང་གལ་ཆེ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།