མོན་ཡུལ་མི་མང་གི་༧གོང་ས་མཆོག་ལ་གཟེངས་བསྟོད།

ཟླ་འདིའི་ཚེས་༢༦ ཉིན་གྱི་སྔ་དྲོ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་༧གོང་ས་མཆོག་གིས་བྱང་ཆུབ་ལམ་རིམ་གྱི་བཀའ་ཁྲིད་ཉིན་བཞི་པའི་གསུང་ཆོས་དབུས་མ་བཙུགས་པའི་སྔོན་དུ། མོན་ཡུལ་གྱི་སེར་སྐྱ་མི་མང་ཡོངས་ནས་༧གོང་ས་མཆོག་གིས་མོན་ཡུལ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ནས་མི་ལོ་ཧྲིལ་པོ་༥༥ འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

ཟླ་འདིའི་ཚེས་༢༦ ཉིན་གྱི་སྔ་དྲོ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་༧གོང་ས་མཆོག་གིས་བྱང་ཆུབ་ལམ་རིམ་གྱི་བཀའ་ཁྲིད་ཉིན་བཞི་པའི་གསུང་ཆོས་དབུས་མ་བཙུགས་པའི་སྔོན་དུ། མོན་ཡུལ་གྱི་སེར་སྐྱ་མི་མང་ཡོངས་ནས་༧གོང་ས་མཆོག་གིས་མོན་ཡུལ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ནས་མི་ལོ་ཧྲིལ་པོ་༥༥ འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་བློན་ཆེན་དང་ཀར་ཎ་ཌ་ཀ་མངའ་སྡེའི་ཆེ་མཐོའི་ཤེས་ཡོན་དང་ཡུལ་སྐོར་བློན་ཆེན། རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན། སྲིད་སྐྱོང་བློ་བཟང་སེངྒེ་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་སོགས་ཕྱི་ནང་གི་གལ་ཆེའི་སྐུ་མགྲོན་ཁག་གཅིག་མཉམ་ཞུགས་གནང་ཡོད་པ་རེད།

monpa 2014  12   26 དེ་ཡང་མོན་ཡུལ་སེར་སྐྱ་མི་མང་གི་བཀའ་དྲིན་རྗེས་དྲན་གོ་སྒྲིག་ཚོགས་ཆུང་གི་སྐུ་ཚབ་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པའི་མཁན་པོ་གུ་རུ་སྤྲུལ་སྐུས་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་དེ་བཞིན་འབུལ་ལམ་ཞུ་དགོས་པའི་མཚོན་དོན་སྐོར་ལ་ངོ་སྤྲོད་གནང་གྲུབ་པ་དང་།     ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོས་༧གོང་ས་མཆོག་གིས་རྗེས་དྲན་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་གི་མཛད་སྒོ་དེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ཁ་བ་གངས་ཅན་གྱི་ལྗོངས་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཐོག་མ་ཞབས་སོར་ཁོད་གནས། ཨ་རུ་ན་ཅལ་གྱི་དགའ་ལྡན་རྣམ་རྒྱལ་ལྷ་བརྩེར་མོན་ཡུལ་མི་མང་ཚོར་ཆོས་འབྲེལ་ཐོག་མ་གནང་ནས་ལོ་ངོ་ ༥༥ འཁོར་བའི་དགའ་སྟོན་དང་རྟེན་འབྲེལ་གྱི་ཉིན་མོ་འདི་དང་སྟབས་བསྟུན། གང་ཉིད་ལ་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་འདི་ལྟར་ཞུ་ཐུབ་པ་ནི་རྒྱ་གར་མི་མང་སྤྱི་དང་བྱེ་བྲག་མོན་པ་ཚོར་ཧ་ཅང་སྐལ་བཟང་གི་དུས་སྐབས་ཤིག་ཀྱང་ཆགས་ཀྱི་ཡོད་སྟབས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཅེས་དང་།

ཁོང་གིས་མུ་མཐུད་ནས་གསུང་དོན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་དུས་རབས་༢༡ པའི་ནང་དུས་རབས་ཉི་ཤུ་པའི་Mahatma Gandhi ལྟ་བུ་དེ་རེད། འཛམ་གླིང་འདིའི་སྟེང་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་མཚོན་དོན་ལྟ་བུ་ཡིན་སྟབས། ད་ལྟའི་ང་ཚོའི་དབུས་སུ་ཡོད་པར་ཧ་ཅང་སྐལ་པ་བཟང་པོ་རེད། ༧གོང་ས་མཆོག་ནས་རིང་མིན་ཕྱི་ལོ་༢༠༡༥ ལོའི་ནང་ཨ་རུ་ན་ཅལ་མངའ་ཁུལ་དུ་ཞབས་གསོར་ཁོད་རྒྱུའི་ཞལ་བཞེས་གནང་བར། ཁུལ་དེའི་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ང་ཚོའི་མང་ཚོགས་ཚོའི་ངོས་ནས་ཀྱང་རེ་བ་ཆེན་པོའི་ངང་༧གོང་ས་མཆོག་ཕེབས་སྒུག་བྱེད་བཞིན་ཡོད་སྐོར་གསུངས་སོང་།

ཐེངས་འདིའི་མཛད་སྒོའི་ཐོག་མངའ་སྡེའི་བློན་ཆེན་ངག་དབང་སྤྲོ་སྐྱིད་ཆེད་ཕེབས་གནང་རྒྱུའི་ཐག་གཅོད་བྱུང་ཟིན་ཡང་། མཛད་འཆར་གྱིས་རྐྱེན་པའི་བཅར་ཐུབ་མ་བྱུང་ཡང་ཁོང་གི་གསུང་འཕྲིན་ཞིག་གནང་ཡོད་པ་དེ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་སྒྲོག་སྦྱངས་གནང་བའི་གསུང་འཕྲིན་ནང་འཁོད་དོན། ༧གོང་ས་མཆོག་གིས་མོན་ཡུལ་དུ་ཆོས་འབྲེལ་ཐོག་མ་སྐྱངས་ནས་ལོ་ངོ་༥༥ འཁོར་བའི་སྐལ་བཟང་གི་མཛད་སྒོ་ཞིག་གདན་ས་ཆེན་པོ་དགའ་ལྡན་དུ་ཚོགས་བཞིན་ཡོད་པ་དེར་བཅར་མ་ཐུབ་པར་ང་རང་བློ་ཕམ་ཆེན་པོ་བྱུང་། དེ་རིང་རྒྱ་གར་རྒྱལ་ས་ལྡི་ལིར་དཔལ་འབྱོར་དང་འབྲེལ་བའི་མངའ་སྡེའི་ཁག་གི་ལྷན་ཚོགས་ཤིག་ཏུ་མ་བཅར་ཀ་མེད་ཐུག་སོང་བས་མཛད་སྒོ་དེར་བཅར་ཐུབ་མ་སོང་བས། ངོས་རང་གིས་དེ་རིང་གི་གོ་སྐབས་འདི་རྒྱུད་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མོན་ཡུལ་མི་མང་རྣམས་བཀའ་དྲིན་གྱིས་སྐྱངས་བར་རྗེས་དྲན་ཞུ་རྒྱུ་དང་ཆབས་ཅིག གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་འཛམ་གླིང་ཡོངས་ལ་བྱིན་གྱིས་རླབས་པའི་སྨོན་འདུན་ཞུ་ཞེས་སོགས་འཁོད་འཁོད་ཡོད་འདུག

དེ་བཞིན་Karnataka མངའ་སྡེའི་ཆེས་མཐོའི་ཤེས་ཡོན་དང་ཡུལ་ཁོར་བློན་ཆེན་སྐུ་ཞབས་RV Despande ཀྱིས་མཛད་སྒོའི་ཐོག་གསུང་བཤད་གནང་དོན།   ཐོག་མ་དེར་ངས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་ཡོངས་ཀྱི་ཆེད་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཀ་ཎ་ད་ཀ་མངའ་སྡེ་གཞུང་དང་བོད་མི་མང་དབར་གྱི་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པ་མ་ཟད། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་དམ་ཟབ་ཡོང་རྒྱུར་འབད་བརྩོན་གནང་ཡོད་པ་རེད། ད་ལན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ང་ཚོའི་མངའ་ཁུལ་དུ་ཞབས་སོར་ཁོད་པ་དང་སྟབས་བསྟུན་ནས་མོན་གྷོ་བོད་མིའི་གཞིས་སྒར་འདིར་ཡུལ་སྐོར་བའི་ཚོགས་ཁང་ཞིག་རྒྱགས་ཆེད་མངའ་སྡེའི་གཞུང་ནས་ཧིན་སྒོར་འབུམ་ ༧༥ གསོལ་བསྩལ་གནང་ཡོད་སྐོར་དང་། དེ་བཞིན་ས་ཁུལ་འདིར་ལམ་ཁ་ཡག་པོ་མེད་པ་དག་ཀྱང་གང་མགྱོགས་ཡར་རྒྱས་གཏོང་འཆར་ཡོད་པ་ཙམ་དུ་མ་ཟད། ས་གནས་འདིར་ཡུལ་སྐོར་བ་ཇེ་མང་གཏོང་རྒྱུའི་འཆར་གཞི་ཡང་ཡོད་པར་བརྟེན་༧གོང་ས་མཆོག་ཀྱང་ཡང་ནས་ཡང་དུ་མངའ་ཁུལ་འདིར་ཆིབས་བསྒྱུར་མང་ཙམ་གནང་རོགས་ཅེས་སོགས་གསུངས་སོང་།

གཞན་ཡང་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་བཞོན་པ་སྐུ་ཞབས་ཀེ་རན་རི་ཇི་རིས་(KiranRijiju) མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན། རྒྱ་གར་འདི་ཆོས་ཀྱི་བསྟི་གནས་ཤིག་ལ་ཡོངས་གྲགས་ཀྱིས་ངོས་འཛིན་ཞུ་ཡི་ཡོད་རེད། ༧གོང་ས་མཆོག་ཞབས་གསོར་ཁོད་པ་ནས་བཟུང་མིང་དོན་མཚུངས་པ་ཞིག་ཆགས་ཡོད་པ་རེད། བོད་ཤོར་བ་དེ་སེམས་སྐྱོ་བོ་ཞིག་ཡིན་ཡང་། ང་ཚོར་རྒྱ་གར་གཞུང་མང་གཉིས་ལ་༧གོང་ས་མཆོག་ཕེབས་ནས་ཁེ་ཕན་རག་པ་རེད། ༧གོང་ས་མཆོག་གིས་དུས་རྒྱུན་དུ་རྒྱ་གར་གྱི་བླ་མ་དང་བོད་པ་སློབ་མ་ཡིན་ཞེས་གསུང་གི་ཡོད་ཀྱང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱ་གར་དང་འཛམ་གླིང་ནང་གི་བླ་མ་ཆེ་ཤོས་ཡིན་པ་ཙམ་དུ་མ་ཟད། འཛམ་གླིང་སྟེང་ཞི་བདེ་དང་འཚེ་བ་མེད་པའི་མཚོན་རྟགས་རེད་ལ། ང་ཚོར་མགོན་པོ་གང་ཉིད་ཀྱི་བྱིན་རླབས་དགོས་ཀྱི་ཡོད་པ་རེད། བོད་དང་རྒྱ་གར་གྱི་འབྲེལ་བ་དེ་ཡང་ལོ་ངོ་སྟོང་ཕྲག་གོང་གི་འབྲེལ་བ་རེད་ལ། རྒྱལ་ཁབ་དེ་གཉིས་ས་གཞིའི་ཐད་མི་འདྲ་བ་གཉིས་ཡིན་ཡང་། དད་པའི་ཐོག་གཅིག་ཡིན་པ་མ་ཟད། ད་ལྟ་༧གོང་ས་མཆོག་གིས་ཀྱང་གཅིག་ཏུ་བཟུང་ནས་བཞུགས་ཡོད་པ་རེད། གང་ཉིད་འཛམ་གླིང་ཡུལ་གྲུ་གང་དུ་ཕེབས་ཀྱང་མང་ཚོགས་ཁྲོད་བསམ་ཡུལ་ལས་འདས་པའི་བག་ཆགས་བཟང་པོ་འཇོག་གནང་མཛད་ཀྱི་ཡོད་པ་རེད། ང་རང་སྒེར་ལ་ཡང་སྐལ་བཟང་གི་གོ་སྐབས་དེ་འདྲ་མང་པོ་ཐོབ་བྱུང་། འཛམ་གླིང་འདིའི་ནང་ཞི་བདེའི་དང་འཚེ་བ་མེད་པའི་ལྟ་གྲུབ་དང་བྱམས་སྙིང་རྗེ་སོགས་གོང་ནས་གོང་དུ་འཕེལ་ཆེད། ༧གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག་ཅེས་གསུངས་སོང་།

གཞནཡང་མཛད་སྒོ་དེའི་ཐོག་མོན་ཡུལ་སེར་སྐྱ་མི་མང་གི་སྐུ་ཚབ་ནས་༧གོང་ས་སྐྱབས་མགོན ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་དང་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་གྲུབ་པ་དང་འབྲེལ་༧གོང་ས་མཆོག་གིས་དཔལ་ན་ལེན་དྲ་ནས་བརྒྱུད་པའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་རིན་ཐང་དང་དུས་རབས་ཉེར་གཅིག་པའི་ནང་ཞབས་འདེགས་སྒྲུབ་བཞིན་པའི་གལ་གནད་སོགས་ཀྱི་སྐོར་དང་འབྲེལ་གསུང་དོན།

རིན་ཐང་བྲལ་བའི་རིག་གཞུང་དེ་འཛིན་སྐྱོང་སྤེལ་གསུམ་ལ་ཚང་མས་འཕྱར་གྲུ་མཉམ་འདེགས་དགོས་སྐོར་དང་།   ཤར་མོན་ནས་ནུབ་ལ་དགས་བར་ང་ཚོ་ཧི་མ་ལ་ཡའི་རི་རྒྱུད་རྣམས་བོད་དང་ཆོས་དང་རིག་གཞུང་གཅིག་གྱུར་ཆགས་ཡོད་པར་བརྟེན།   མོན་པ་སོགས་ནས་བཙན་བྱོལ་བོད་མིའི་ཆོས་སྡེ་ཁག་ནང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་བཙུན་སློབ་གཉེར་བྱེད་དུ་གཏོང་བ་དང་དེ་བཞིན་སློབ་གྲྭ་ཁག་ནང་ལ་ཡང་སློབ་ཕྲུག་བཏང་བ་ཡིན་ན།     དེང་དུས་ཤེས་ཡོན་གྱིས་མཚོན་པའི་བོད་ཀྱི་ཆོས་དང་རིག་གཞུང་སློབ་གཉེར་བྱེད་རྒྱུའི་གོ་སྐབས་ཡོད་སྐོར་དང་།   ལྷག་དོན་བོད་མི་བཙན་བྱོལ་བའི་ངོས་ནས་ཀྱང་ད་ལྟ་བར་ཁྱེད་རང་ཚོར་དེ་འདྲའི་མཐུན་གྱུར་རོགས་རམ་གང་མཚམས་བྱེད་ཐུབ་ཡོད་ཀྱང་ང་ཚོའི་བར་གྱི་འབྲེལ་ལམ་དེ་ད་དུང་དམ་དུ་གཏོང་རྒྱུར་འབད་བརྩོན་གནང་དགོས་པ་གལ་ཆེ་ཡིན་པ་སོགས་ཀྱི་སྐུལ་མ་གནང་སོང་།

མུ་མཐུད་ནས་༧གོང་ས་མཆོག་གིས་བཀའ་གནང་དོན།   བོད་ཀྱི་གདན་ས་ཆེ་ཁག་ཚང་མ་ཀ་ཎ་ཌ་ཀ་མངའ་སྡེའི་ནང་ཆགས་ཡོད་པ་མ་ཟད།   སྔར་ན་ལེན་ཌའི་མཁས་པ་མང་དག་ཅིག་ཀྱང་ལྷོ་ཕྱོགས་ཀྱི་མངའ་སྡེ་ནས་ཐོན་ཡོད་སྐོར་སོགས་ལུང་འདྲེན་དང་འབྲེལ་བོད་མི་རྣམས་བཙན་བྱོལ་དུ་གྱུར་རྗེས་སྐབས་དེའི་ཀ་ཎ་ཌ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཙོས་མངའ་སྡེ་གཞུང་གི་ངོས་ནས་བོད་མི་ཚོར་དམིགས་བསལ་གཟིགས་སྐྱོང་གནང་བ་སོགས་ཀྱི་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ཐེངས་འདིར་ཡང་མངའ་སྡེའི་སྤྱི་ཁྱབ་བློན ཆེན་བཞོན་པས་མངའ་སྡེ་གཞུང་གིས་ངོས་ནས་མོན་གྷོ་གཞིས་ཆགས་ནང་ལམ་ཁ་ཡར་རྒྱས་དང་མགྲོན་ཁང་གསར་རྒྱག་སོགས་ཀྱི་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་བ་ཡང་ཐུགས་རྗེ་ཆེ་ཞེས་སོགས་གསུངས་སོང་།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།