རང་ངོ་རང་ཤེས་དང་རང་འགན་རང་ཁུར་གྱིས་མཉམ་འཛོམས་དགོས།
ཕྱི་ཟླ་༡༢ ཚེས་༢༨ ཚེས་༢༩ ཕྱི་དྲོ་གཉིས་ལ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་མི་མང་གིས་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
ཕྱི་ཟླ་༡༢ ཚེས་༢༨ ཚེས་༢༩ ཕྱི་དྲོ་གཉིས་ལ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་མི་མང་གིས་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་“གཞིས་ལུས་སྤུན་ཟླ་ཚོས་བློས་གཏོང་དང་དཀའ་སྡུག་མྱོང་བཞིན་པར་གདུང་སེམས་མཉམ་བསྐྱེད་དང་། དགྲ་བོ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཆེད་ཨ་རིའི་ནིའུ་ཡོག་དང་ནིའུ་འཇར་སིའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་རང་ངོ་རང་ཤེས་དང་རང་འགན་རང་ཁུར་གྱིས་ཐོག་ནས་མཉམ་འཛོམས་དགོས་”ཞེས་གསལ་བརྡ་བཏང་ཡོད་པ་དང་། “ཉེ་ཆར་བོད་ནང་ནས་རང་ལུས་མེར་སྲེག་གིས་རྒྱ་ནག་ལ་ངོ་རྒོལ་བྱས་ཏེ། སྐུ་གྲོངས་པའི་སེར་སྐྱ་ཕོ་མོ་གསུམ་གྱི་སྐུ་ཕུང་ཡང་རྒྱ་གཞུང་གིས་བཙན་འཕྲོགས་བྱས་ཏེ། ནང་མིར་སྐུ་ཕུང་ཞུགས་འབུལ་གྱི་གོ་སྐབས་ཙམ་ཡང་སྤྲད་མེད་པ་མ་ཟད། གཞིས་ལུས་སྤུན་ཟླ་ཚོས་དེ་ལྟ་བུའི་བློས་གཏོང་དང་དཀའ་སྡུག་མྱོང་བཞིན་པར་གདུང་སེམས་མཉམ་བསྐྱེད་དང་། དགྲ་བོ་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་དུ་ཡིན་”ཞེས་བརྗོད་འདུག
ཉིན་གཉིས་པའི་ལས་འགུལ་དེ་ནིའུ་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་སྤེལ་བ་དང་། དེར་འཛོམས་པའི་མི་མང་ཚོར་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་མི་ཚེ་བརྟན་ལྷ་རྒྱལ་གྱིས་ལས་འགུལ་ངོ་སྤྲོད་གསུང་བཤད་གནང་བ་དང་། གཞོན་ལྷན་དབུས་རྒྱུན་ཚོགས་གཞོན་ཟུར་པ་དོན་གྲུབ་ལྷ་དར་གྱིས་མི་མང་ལ་བོད་དོན་ལས་འགུལ་སྐོར་གྱི་གཏམ་བཤད་གནང་ཡོད་པ་རེད། སྐབས་དེར་ཁོང་གིས། “ཉེ་ཆར་རྒྱལ་གཅེས་དཔའ་བོ་དཔའ་མོ་གསུམ་གྱིས་བོད་རྒྱལ་ཁབ་དང་། བོད་མི་རིགས། བོད་ཀྱི་ས་གཞི། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་ཆེད་དུ་རང་ལུས་མེར་སྲེག་གིས་སྐུ་གྲོངས་ཟིན་པ་རེད། ཁ་སང་ང་ཚོས་རྒྱ་ནག་གི་གཞུང་ཚབ་མདུན་དུ་ལས་འགུལ་སྤེལ་བ་དང་། དེ་རིང་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་འཛོམས་པ་རེད་”ཅེས་ཁོང་གིས་བོད་དོན་ལས་འགུལ་བའི་བློས་གཏོང་དང་། ནང་མིའི་དཀའ་ངལ་སྐོར། རྒྱ་ནག་གིས་དྲག་གནོན་བྱས་པའི་སྐོར་ངོ་སྤྲོད་བྱས་ཡོད་པ་རེད།
ཁོང་གིས་མུ་མཐུད་གསུང་དོན། “ང་ཚོ་ཚང་མས་བོད་རྒྱལ་ཁབ་ཀྱི་ཤ་ཞེན་དང་ལ་རྒྱ་ཡོད། ༧རྒྱལ་བ་རིན་པོ་ཆེར་དད་པ་ཡོད་ཅེས་ཤོད་ཀྱི་ཡོད་པ་རེད། དངོས་གནས་དེ་ཡོད་ན་ཁོང་ཚོའི་འབོད་སྒྲ་དེའི་ཆེད་དུ་ང་ཚོ་ལངས་དགོས་པ་རེད། སྲོག་བློས་གཏོང་ཐུབ་ཀྱི་མེད་ནའང་། ཆུ་ཚོད་ཁ་ཤས་རིང་རྒྱལ་ཚོགས་མདུན་སྐད་རྒྱག་ཏུ་ཡོང་དགོས་པ་རེད། ཁ་ཤས་ཤིིག་གིས་སྐད་འབོད་བྱས་ནས་ཕན་ཐོགས་མི་འདུག་ཟེར་མཁན་ཡོད་རེད། ཡིན་ཡང་སྐད་འབོད་བྱས་ནས་ཕན་ཐོགས་མེད་པ་དེ་ང་ཚོས་ག་འདྲ་ཐག་གཅོད་ཐུབ་ཀྱི་རེད། སྲོག་བཏང་ནས་ཕན་ཐོགས་མེད་པ་ག་འདྲ་བྱས་ནས་ཐག་གཅོད་ཐུབ་ཀྱི་རེད། ཉེ་ཆར་རྒྱལ་གཅེས་དཔའ་བོ་ཞིག་བཙོན་གྲོལ་ཐོབ་པ་དང་ཁོང་གིས་རྩོམ་ཐུང་ཞིག་གི་ནང་ཁྱེད་རང་གིས་སོ་སོའི་མི་རིགས་ཆེད་དུ་སྲོག་གཏོང་ཐུབ་ཀྱི་མེད་ནའང་། སྲོག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་དམའ་འབེབས་བྱེད་ཆོག་གི་མ་རེད་བྲིས་འདུག དེ་ང་ཚོ་བཙན་བྱོལ་ནང་འདུག་མཁན་ཚོས་ཧ་གོ་དགོས་པ་རེད། འཐབ་རྩོད་བྱས་ནས་མི་རིགས་ལ་ཕན་གྱི་མ་རེད་ཟེར་བ་དེས་སུ་ལ་མཐོང་ཆུང་དང་ཁྱད་གསོད་རེད། འཐབ་རྩོད་འདིའི་ཆེད་དུ་སྲོག་གཏོང་མཁན་དང་། དུས་ཚོད་གཏོང་མཁན་ཚོར་ཁྱད་གསོད་རེད། སོ་སོས་ད་ལྟ་བར་དུ་གོམ་པ་བརྒྱབ་པ་དེར་ཁྱད་གསོད་བྱེད་ཀྱི་ཡོད་པ་རེད། འཛམ་གླིང་འདིའི་ཐོག་ད་ལྟ་རྒྱལ་ཁབ་༢༠༠ ལྷག་ཅིག་ཡོད་རེད། ད་ལྟ་ང་ཚོར་ཚུར་ཡོང་སྐབས་རྒྱལ་ཚོགས་མདུན་དུ་རྒྱལ་དར་བཙུགས་བཞག་པ་དེ་ཚོའི་ནང་ནས་མང་པོ་ཞིག་རང་བཙན་ཤོར་ནས། འཐབ་རྩོད་བྱས་ཏེ་ཐོབ་པ་རེད་མ་གཏོགས། འཐབ་རྩོད་བྱས་ཏེ་ཕན་ཐོགས་མི་འདུག་ཅེས་གཡུག་ཡོད་མ་རེད་”ཅེས། ཁོང་གིས་སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུ་ཡིན་ན་ཁ་ཙམ་མ་ཡིན་པར། སྲོག་གཏོང་མ་ཐུབ་ཀྱང་ལས་འགུལ་ནང་མཉམ་ཞུགས་དགོས་སྐོར་དང་། མ་མཐའ་ཡང་ང་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་ཞིག་སྟོན་དགོས་སྐོར། དབུ་མའི་ལམ་དང་རང་བཙན་བར་ཁ་གཏོང་རེས་བྱས་ནས་འདུག་རྒྱུ་མིན་པར། ལས་འགུལ་སྤེལ་དགོས་སྐོར་སོགས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེད།