རྫ་ཆུ་ཁ་དང་མོན་གྷོ་ས་གནས་མི་མང་གི་བརྟན་བཞུགས།
ཕྱི་ཟླ་༡༢ ཚེས་༢༨ ཉིན་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་ བྱང་རྩེ་གྲྭ་ཚང་དུ་གསུང་ཆོས་ཉིན་ལྔ་པའི་ཐོག མོན་གྷོ་གཞིས་ཆགས་མི་མང་དང་། ཁམས་རྫ་ཆུ་ཁ་སེར་སྐྱ་མང་ཚོགས་ཀྱིས་༧གོང་ས་མཆོག་ལ་མཁའ་འགྲོ་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
ཕྱི་ཟླ་༡༢ ཚེས་༢༨ ཉིན་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་ བྱང་རྩེ་གྲྭ་ཚང་དུ་གསུང་ཆོས་ཉིན་ལྔ་པའི་ཐོག མོན་གྷོ་གཞིས་ཆགས་མི་མང་དང་། ཁམས་རྫ་ཆུ་ཁ་སེར་སྐྱ་མང་ཚོགས་ཀྱིས་༧གོང་ས་མཆོག་ལ་མཁའ་འགྲོ་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
སྐབས་དེར་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། དེ་རིང་རྫ་ཆུ་ཁ་པ་སེར་སྐྱ་མང་ཚོགས་དང་མོན་གྷོ་སེར་སྐྱ་མི་མང་ཚོས་བརྟན་བཞུགས་ཤིག་གོ་སྒྲིག་བྱས་པ་རེད། དུས་ཚོད་མེད་སྟབས་བརྟན་བཞུགས་གཉིས་པོ་ཟླ་བསྒྲིལ་བཏང་བ་དེ་འདྲ་རེད། ཁ་སིང་བྲག་གཡབ་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་བྲག་གཡབ་སེར་སྐྱ་མང་ཚོགས་རྣམས་ཀྱིས་བརྟན་བཞུགས་གོ་སྒྲིག་གནང་བ་ལྟར། དེ་རིང་འདིར་གཞིས་ལུས་རྒྱ་ཆེའི་མང་ཚོགས་རྣམས་ལུས་པོ་དངོས་སུ་འདིར་བསླེབས་མ་ཐུབ་ཀྱང་སེམས་ནང་དད་པ་དམ་ཚིགས་གཡོ་བ་མེད་པར་རི་རབ་བཞིན་སྲ་བརྟན་ཐོག་གནས་ཡོད་པ་རྣམས་ཀྱི་ཆེད་དུ་བརྟན་ བཞུགས་འབུལ་རྒྱུ་ཡིན་སྐོར་གསུངས་པ་རེད། དེར་བརྟེན་དེ་རིང་འདིར་བོད་ནས་མི་ཉུང་ཤས་ཤིག་ལས་ཕེབས་མ་ཐུབ་པ་རྣམས་ཀྱིས་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་ཚབ་ཡིན་བསམ་པ་དྲན་དགོས།
ཕྱོགས་མཚུངས་གཞིས་ཆགས་འདིར་འགོ་སྟོད་སྐབས་མི་མང་ང་ཧ་ཅང་སྐྱོ་པོ་ཡོད། བར་སྐབས་གང་ཅིའི་མཐུན་རྐྱེན་ཕྲན་བུ་དྲག་ཏུ་ཕྱིན་ནས་ཁྱེད་ཚོའི་ངོ་མདོང་ཡང་དྲག་ཏུ་ཕྱིན་འདུག ད་དུང་ཡིན་ནའང་ང་ཚོ་གཞིས་མི་སྟོང་ཕྲག་འགའ་ཤས་ནང་གསིང་གསིང་དུ་སྐྱོ་བོ་དེ་འདྲ་ལྷག་སྡོད་ཀྱི་འདུག སྔ་མོ་ང་ཚོས་ངལ་སེལ་ཚོགས་ཆུང་ཟེར་བ་དེ་འདྲ་ཆེད་མངགས་བཙུགས་པ་རེད། ད་དུང་ཡིན་ནའང་ཁྱེད་ཚོ་གཞིས་འགོ་བདེ་དོན་གྱིས་མཚོན་པས་ཁྱེད་ཚོས་མི་སྐྱོ་པོ་བདེ་སྡུག་ཞུ་མ་ནུས་ནས་སྐྱོ་བོ་བྱས་ནས་ལུས་བསྡད་པ་དེ་ཚོར་ངེས་པར་དུ་ལྟ་དགོས། ཁུག་ཁུག་གསིང་གསིང་ལ་མ་ལུས་པ་ཞིག་བྱེད་དགོས། དམན་ལ་ལྷག་པར་བརྩེ་བ་ཟེར་བ་དེ་བཅོམ་ལྡན་འདས་བྱང་ཆུབ་སེམས་པའི་ཁྱད་ཆོས་གསུང་གི་ཡོད། ང་རང་ཚོ་དེའི་རྗེས་སུ་འབྲང་མཁན་ཞིག་ཡིན་དུས་སྐྱོ་བོ་ཚོར་དམིགས་བསལ་གྱིས་ལྟ་རྟོགས་བྱ་རྒྱུ་དམིགས་བསལ་གྱི་གལ་ཆེན་པོ་རེད། དེ་བཞིན་བྷེལ་ཀོབ་གཞིས་ཆགས་ཡིན་ནའང་རེད། འདི་ག་མོན་གྷོ་ཡིན་ནའང་རེད། གྲྭ་ས་ཆེན་པོ་ཁག་འགའ་ཤས་ཚུགས་ནས་ཡོད། གྲྭ་ས་ཚོར་སྦྱིན་བདག་རོགས་རམ་བྱེད་མཁན་ཡོང་གི་ཡོད། གྲྭ་ཚང་སོ་སོའི་ཁུངས་ནས་མང་ཚོགས་ཀྱི་སློབ་སྦྱོངས་དང་འཕྲོད་བསྟེན་ཐོག་སེམས་ཁུར་བླངས། ཁ་སང་ངོས་ཀྱིས་འབོད་སྐུལ་བྱས་པ་ལྟར་མུ་མཐུད་ནས་བྱེད་ཀྱི་རེད་ལ། བྱེད་དགོས་པ་ཞིག་ཀྱང་རེད།
དེ་བཞིན་འཕྲོད་བསྟེན་ཐོག་ལ་ཁུར་བླངས་ནས་ཡག་ཐག་ཆོད་འདུག ད་དུང་ཡིན་ནའང་གཞིས་ཆགས་སོ་སོའི་ནང་གདན་ས་ག་པར་ཡོད་སར་སོ་སོ་སོ་སོའི་ཁུངས་སུ་མི་སྐྱོ་པོ་ལྷག་པ་དེ་དག་དང་། ལྷག་པར་ཕ་མ་སྐྱོ་བོམཐུན་རྐྱེན་མེད་པ། དེ་བཞིན་ཕྲུ་གུ་གཞིས་ཆགས་ནང་གི་སློབ་གྲྭ་ཐོན་ནས་མཐོ་སློབ་ཏུ་འགྲོ་ཐུབ་རྒྱུའི་འདོད་པ་དང་རྣམ་དཔྱོད་ཀྱི་བློ་རིག་དཀྲ་བ་ཡོད་ཀྱང་སྐྱོ་བོ་བྱས་ནས་མཐུན་རྐྱེན་མ་འདེང་པ་དེ་འདྲ་ཡོད་མེད་གཞིས་འགོ་བདེ་དོན་གྱི་ཐོག་ནས་རྒྱུས་ཡོད་བྱོས། གྲྭ་ས་གྲྭ་ཚང་གིས་ཐོག་ནས་ཕྲན་བུ་ཕན་ཐོགས་བྱེད་ཐུབ་པ་བྱུང་ན། དེ་འདྲ་གནང་དགོས་པ་ཞིག་རེད། ཅེས་བཀའ་སློབ་བསྩལ་བཀའ་སློབ་བསྩལ་ཡོད་པ་རེད།
༧གོང་ས་མཆོག་གིས་མུ་མཐུད་རྫ་ཆུའི་སྐོར་གསུང་དོན། ད་གིན་རྫ་ཆུ་ཁ་པའི་ཁོངས་མི་ཞིག་གིས་ངོས་ལ་ཡི་གེ་ཞིག་སྤྲད་བྱུང་། དེའི་ནང་དེ་རིང་བརྟན་བཞུགས་བྱས་ནས་འདི་ལྟར་འཁོད་འདུག རྫ་ཆུ་ཁ་པའི་གཙོས་གཞིས་བཞུགས་བོད་མིས་རྩ་ས་དང་ཆུའི་དོན་ཕུ་ནུ་ནང་མི་རྩོད་པ་བྱེད་རྒྱུ་དང་། ལྷག་པར་གྲི་དང་མེ་མདའ་དཔྱད་ནས་མི་འཛིང་གཏོང་བ། ཆོས་ལུགས་གྲུབ་མཐའ་རྩོད་པ། སྤྲུལ་སྐུ་དང་བླ་མ། སྔགས་པ། གྲྭ་བཙུན་བརྫུ་མ་སོགས་ཀྱིས་མགོ་སྐོར་བསླུ་ཁྲིད་བྱས་པ། བལ་ཡུལ་དང་རྒྱ་གར་དུ་གནས་སྡོད་རྫ་ཆུ་ཁ་པ་འགའ་ཤས་ཀྱིས་ནག་ཚོང་དང་ཁྲིམས་འགལ་ཐོག་ནུབ་ཕྱོགས་དང་ཨ་རི་བཅས་སུ་མི་གཏོང་བའི་ལས་དོན་གཉེར་ཏེ། ཞེས་པའི་བར་ལྗགས་ཀློག་མཛད་ནས་བཀའ་སློབ་བསྩལ་དོན། དེ་འདྲ་དེང་སྐབས་ཏོག་ཙམ་ཡོང་གི་འདུག རྒྱ་གར་དང་བལ་ཡུལ་ནས་ཨ་རི་དང་ཡུ་རོབ་ལ་འགྲོ་མཁན་དེ་འདྲའི་གྲས་སུ་དངུལ་ཕོན་ཆེན་པོ་བླངས་ནས་འགའ་ཤས་འབུམ་བཅུ་གྲངས་དེ་འདྲ་ལེན་མཁན་འདུག བོད་མི་ཕྱི་རྒྱལ་ལ་གཏོང་རྒྱུའི་ཐོག་ནས་ཚོང་བརྒྱབ་ནས་དེ་འདྲ་བྱེད་ཀྱི་འདུག འདིར་ཡང་འདི་འདྲ་བཀོད་འདུག ངོས་ལ་ལམ་སྟོན་བསླབ་བྱ་གནང་རོགས་ཞེས་འཁོད་འདུག་ཀྱང་ངོས་ལ་དེ་ཙམ་བརྗོད་རྒྱུ་མེད། ཁྱེད་ཚོས་འདིར་ཉེས་པ་ལ་ཉེས་པ་མཐོང་བཞག ཉེས་པ་ལ་ཉེས་པ་མཐོང་བ་ཡིན་དུས་ངོས་ཀྱི་གང་ལབ་ཐུབ་ཀྱི་རེད་བརྗོད་ན། ཕྱིན་ཆད་ལེགས་པར་གདོམས་སམ། ཞེས་ངོས་ཀྱིས་འདི་འདྲི་རྒྱུ་ཡིན། ཁྱེད་ཚོ་འབྲེལ་ཡོད་ཚང་མས་བསྡོམས་ལགས་སོ་ཞེས་བསམས་དགོས། གཞན་ངོས་ཀྱིས་འདིར་ལན་འཁྱོལ་ལ་མ་འཁྱོལ་བྱས་ན་ཆོ་གང་ཡང་མེད། ང་ཚོ་བཙན་བྱོལ་ལ་འབྱོར་ནས་ལོ་ལྔ་བཅུ་ང་ལྔ་ང་དྲུག་སྒང་ལ་འགྲོ་བཞིན་ཡོད། ཐོག་མ་ཉིད་ནས་ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་འཁྱེར། ཞེས་པའི་དཔེ་ལྟར་ཡ་རབས་བྱེད་དགོས་བརྗོད་ཀྱི་ཡོད། ངོས་ཀྱིས་འཛམ་གླིང་འདིའི་སྒང་ལ་མི་གཞན་དང་ཐུག་ནས་སྐད་ཆ་ཤོད་སྐབས་བོད་མིའི་ཆོས་དང་རིག་གཞུང་གི་ཡ་རབས་ཀྱི་སྤྱོད་པ་ཡོད་མཁན་ཡིན། ཞེས་སྐད་གསང་མཐོ་པོས་ཤོད་ཀྱི་ཡོད། ངོས་ལ་སྤོབས་པའང་ཡོད། ངོས་ཀྱིས་བོད་མི་ཚོ་ཡ་རབས་རེད། དྲང་པོ་བྱེད་ཀྱི་ཡོད། སེམས་པ་བཟང་པོ་ཡོད། ཅེས་སྐད་གསང་མཐོ་པོའི་ཐོག་ནས་ཤོད་བཞིན་དུ་རེ་ཟུང་གིས་༧རྒྱལ་བ་རིན་པོ་ཆེས་དེ་འདྲ་གསུང་བཞིན་ཡོད་ཀྱང་། ཞབས་འདྲེན་ངས་ཞུས་པ་ཡིན། ཟེར་མཁན་བཟོ་འདྲ་བྱས་པ་ཡིན་ན་ཁྱོན་ནས་ཡག་པོ་མེད། མཐར་ཐུག་དེར་ངོས་རང་རྫུན་མ་བཟོ་བཞིན་ཡོད། དེ་འདྲ་བྱས་ན་ཁྱོན་ནས་ཡག་པོ་མེད། གཟབ་གཟབ་བྱས་ན་མ་གཏོགས། འདི་ཁྱེད་ཚོས་སེམས་ལ་འཇོགས། ཞེས་བཀའ་སློབ་བསྩལ་ཡོད་པ་རེད།།