འཐབ་རྩོད་ཀྱི་ཐོག་ནས་ལོ་ནག་རེད།

ཕྱི་ལོ་༢༠༡༤ལོའི་ནང་བོད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་སོང་མེད་ལ། བོད་ནང་ནས་རང་ལུས་མེར་སྲེག་གཏོང་མཁན་མུ་མཐུད་དུ་བྱུང་ཡོད་ཀྱང། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་དོན་ལས་འགུལ་ཁག་ཕྱི་ལོ་༢༠༡༣ ནས་བཟུང་ཧ་ཅང་ཉུང་དུ་སོང་ཡོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༢༣   ཕྱི་ལོ་ ༢༠༡༤/༡༢/༣

ཕྱི་ལོ་༢༠༡༤ལོའི་ནང་བོད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་སོང་མེད་ལ། བོད་ནང་ནས་རང་ལུས་མེར་སྲེག་གཏོང་མཁན་མུ་མཐུད་དུ་བྱུང་ཡོད་ཀྱང། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་དོན་ལས་འགུལ་ཁག་ཕྱི་ལོ་༢༠༡༣ ནས་བཟུང་ཧ་ཅང་ཉུང་དུ་སོང་ཡོད། དེ་ལ་རྒྱུ་རྐྱེན་སྣ་ཚོགས་ཤིག་ཡོད་ནའང་བོད་པའི་ངོས་ནས་ལས་འགུལ་སྤེལ་དགོས་པ་གལ་ཆེན་པོ་ཡིན་པ་དང། ཕན་ཐོགས་མེད་པ་ཞིག་ཡིན་པ་དེ་ད་ལྟའི་སྤྱི་ཚོགས་ཀྱི་འཁོར་ཕྱོགས་དང་བསྟུན་ནས་བཤད་ན་ཁ་ཚོན་གཅོད་དཀའ་བ་ཞིག་ཏུ་གྱུར་འདུགགང་ལྟར་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་བོད་དོན་སྐོར་ལ་ལས་འགུལ་སྤེལ་རྒྱུ་ཧ་ཅང་ཉུང་དུ་སོང་བ་མ་ཟད། ལས་འགུལ་མཐོང་རྒྱུ་མེད་པ་ལྟ་བུར་གྱུར་སོང་ཞེས་བརྗོད་ཀྱང་མི་ཆོག་པ་མེད་པ་ལྟ་བུར་གྱུར་འདུག་ཅེས་བརྗོད་ཆོག བོད་ནང་དུ་རང་ལུས་མེར་སྲེག་གིས་མཚོན་ལས་འགུལ་ཁག་ལ་བཙན་བྱོལ་ནང་རྗེས་འབྲེལ་གྱི་ལས་འགུལ་སྤེལ་མཁན་དཀོན་པ་དེ་ནི་བློ་ཕམ་གྱི་རང་བཞིན་ཞིག་ཏུ་གྱུར་ཡོད་ནའང། འདི་འགྲིག་དང་འདི་ནོར་ཞེས་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་བ་ཞིག་ཏུ་གྱུར་ཡོད།

ལོ་འདིར་བོད་དོན་དང་འབྲེལ་བའི་ཐོག་ནས་ཧ་ཅང་བློ་ཕམ་དགོས་པའི་གནས་ཚུལ་ཞིག་ལ་ལྷ་འདྲེ་ཁ་འཁྱེར་དོལ་རྒྱལ་རྗེས་འབྲངས་པ་གཞན་གྱི་འདོད་དོན་སྒྲུབ་མཁན་ཁག་ཅིག་གིས། ༧གོང་ས་མཆོག་གང་དུ་ཆིབས་བསྒྱུར་བསྐྱངས་ཀྱང་རྗེས་འདེད་ཀྱིས་ངོ་རྒོལ་སྐད་འབོད་བྱས་སོང་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨོད་སྐུར་འདེབས་ཀྱང་མང་པོ་ཞིག་བྱས་ནས། གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་ལ་གྲི་བཙུག་པ་ལྟ་བུའི་ན་ཟུག་ཅིག་བཟོས་སོང། འདི་ནི་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་གཉན་འཕྲང་ཅན་གྱི་ལོ་ཟླ་ཞིག་ཏུ་གྱུར་ཡོད་པའི་ངོས་ནས་བཤད་ན་བསུབ་ཐབས་མེད་པའི་ནག་ཉེས་ཆེན་པོ་ཞིག་ཏུ་གྱུར་ཡོད། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་ཉག་ཕྲ་བའི་དུས་སྐབས་འདིར་གཟུགས་མེད་ཀྱི་དམ་སྲི་འབྱུང་པོ་ཞིག་ཁ་ལ་ཁྱེར་ནས། དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་འདི་འདྲ་ཞིག་སྤེལ་བ་ནི། དོན་དམ་པར་བོད་མི་རིགས་ཀྱི་ངོས་ནས་ཁོང་ཁྲོ་དང་ཟ་དགོས་གནད་དོན་ཞིག་ཡིན་ནའང། བོད་མི་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པས་བྱེད་ཐབས་གང་ཡང་མེད།

དེ་བཞིན་མ་འོངས་པར་ཡང་གནད་དོན་འདིའི་ཐོག་ནས་བོད་པའི་སྤྱི་ཚོགས་ནང་རྩོད་རྙོག་རྒྱུན་ཆད་མེད་པར་འབྱུང་སྲིད་པས་གཟུགས་མེད་ལྷ་འདྲེ་ཞིག་ལ་བརྟེན་ནས། བོད་མི་རིགས་གཅིག་སྒྲིལ་མི་ཡོང་བའི་རྒྱུ་རྐྱེན་དུ་མི་འགྱུར་བའི་ཆེད་དུ་ཕྱོགས་ཡོངས་ནས་གུ་ཡངས་བྱེད་མ་ཐུབ་ན། བོད་ཀྱི་གནད་དོན་ལ་གནོད་སྐྱོན་ཆེ་ཤོས་སུ་འགྱུར་ངེས་རེད། དེར་བརྟེན་དགོས་མེད་ཀྱི་རྩོད་རྙོག་རིགས་ལ་བརྟེན་ནས་བོད་དོན་འཐབ་རྩོད་ཀྱི་ཐོག་ལ་ཤུགས་རྐྱེན་སྡུག་ཕྱོགས་ནས་ཐེབས་སྲིད་པའི་གནད་དོན་འདི་རིགས་སྔོན་འགོག་བྱེད་དགོས་ལ། བུ་རབས་ཚ་བརྒྱུད་ལ་དག་ཐབས་མེད་པའི་ནག་ཉེས་ཤིག་ཏུ་མི་འགྱུར་བ་བྱེད་རྒྱུ་དེ་ད་ལྟའི་མི་རབས་འདིའི་ལག་ཏུ་ཡོད་པས་གཟབ་དགོས་པ་ཧ་ཅང་གལ་ཆེ། བོད་ཀྱི་རྩ་དོན་དང་ཆབ་སྲིད་ཀྱི་ཐོག་ལ་གནོད་སྐྱོན་ཆེན་པོ་ཡོད་པའི་རྩོད་རྙོག་འདི་ཉིད་ཕྱི་ལོ་༢༠༡༤ལོར་ཕྱོགས་ཡོངས་སུ་ཧ་ཅང་དར་ཁྱབ་ཆེན་པོ་བྱུང་སོང་བས། ལོ་འདི་ནི་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་བཤད་ན་ལོ་ནག་པོ་ཞིག་ཏུ་གྱུར་ཡོད།

དེ་བཞིན་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་རྒྱ་གཞུང་གི་འོག་ཏུ་རྒྱུན་འཁྱོངས་གསུམ་ཁས་ལེན་བྱས་ནས་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཤིག་རྩོད་བཞིན་ཡོད་པས། རྒྱ་གཞུང་ལ་ཁ་གཏད་མ་ཡིན་པའི་ལས་འགུལ་ཞིག་སྤེལ་དགོས་དུས་ག་འདྲ་སྤེལ་དགོས་མིན་དང། ལྷག་པར་དུ་ལས་འགུལ་སྤེལ་བའི་སྐབས་སུ་ཕོག་དགོས་སའི་དགྲ་ལ་མི་ཕོག་པར། ཕོག་མི་དགོས་སའི་གཉེན་ལ་ཕོག་མི་སྲིད་པའང་མིན་པའི་གནས་སྟངས་ཤིག་ཀྱང་མཐོང་རྒྱུ་ཡོད་པས། དུས་རྒྱུན་ལས་འགུལ་སྤེལ་མཁན་ཚོགས་པ་ཁག་ལ་མཚོན་ན་“བཟུང་ན་ལག་པ་འཚིག བཏང་ན་རྫ་མ་ཆག་”པའི་དཔེ་ལྟ་བུའི་ལྟ་ཚུལ་གནས་སྟངས་འདི་དག་གི་མདུད་པ་དཀྲོལ་མ་ཐུབ་ན། ད་ལྟ་འཚར་བཞིན་པའི་མི་རབས་གསར་པའི་སེམས་ནང་དུ་བོད་དོན་འཐབ་རྩོད་ཀྱི་བག་ཆགས་གཏན་ནས་མེད་པ་ཞིག་ཏུ་འགྱུར་ངེས་རེད་ལ། རྒྱ་གཞུང་གི་ངོས་ནས་༧གོང་ས་༧མཆོག་ལ་སྐུར་འདེབས་དང། བོད་དོན་ལ་འཁྱོག་བཤད་གང་བྱས་ཀྱང་ཡ་ལན་གཏན་ནས་མེད་པ་ཞིག་ཏུ་གྱུར་ནས་རྒྱལ་སྤྱིའི་སྟེང་དུ་བོད་དོན་སྐོར་ལ་ཧམ་པ་རྐང་བརྐྱངས་ལག་བརྐྱངས་ལྟ་བུ་བཤད་ཡོད།

མདོར་ན་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཕྱོགས་ནས་བཤད་ཀྱང་ཕྱི་ལོ་༢༠༡༤ལོར་ནུས་པ་ཆེན་པོ་གང་ཡང་མ་ཐོན་པ་ལྟ་བུར་གྱུར་ཡོད། གཞུང་འབྲེལ་ཐོག་བོད་དོན་ལ་རྒྱབ་སྐྱོར་རག་ཐབས་སུ་ལས་དོན་མང་པོ་ཞིག་བསྒྲུབས་ཡོད་པ་དང། དེའི་ཐོག་ནས་གྲུབ་འབྲས་སྔོན་ལས་མི་དམན་པ་བྱུང་ཡོད། བཟང་ཕྱོགས་ནས་བཤད་ན་ལོ་འདིར་ཧོང་ཀོང་གི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་དང། དེའི་ཤུགས་རྐྱེན་ལ་བརྟེན་ནས་ཉེ་ཆར་ཐའེ་ཝན་ནང་གི་འོས་བསྡུའི་གྲུབ་འབྲས་སོགས་ནི། མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་མིག་དཔེ་བཟང་པོ་ཞིག་ཏུ་གྱུར་ཡོད། མ་འོངས་པར་བོད་མི་རིགས་ཀྱི་གནད་དོན་དེ་བོད་པ་རང་ཉིད་ཀྱི་ངོས་ནས་ཐག་གཅོད་བྱེད་དགོས་པ་ལས། མི་རིགས་གཞན་གྱི་རྒྱབ་སྐྱོར་དང་རོགས་རམ་དེ་གཙོ་ཆེ་ཤོས་མིན་པ་དང། རང་གི་རྐང་པའི་སྒང་དུ་རང་ཉིད་ལངས་ཐུབ་པ་ཞིག་ཡོང་ཆེད་དུ་བསམ་བློ་གཏོང་དགོས། ལོ་འདིའི་ནང་ཧོང་ཀོང་དང། ཧོང་ཀོང་གི་ཐའེ་ཝན་གྱི་གནད་དོན་དེ་རྒྱ་ནག་གཞུང་གི་ཁུར་པོ་ཞིག་ཏུ་གྱུར་ཡོད། མ་འོངས་པར་ཤར་ཏུར་ཀི་སི་ཐན་དང། སོག་པོ། བོད་པ་བཅས་ཀྱི་ངོས་ནས་ཀྱང་དེ་དག་དང་མཚུངས་པར་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་དུ་སྤེལ་ཐུབ་ན་གྲུབ་འབྲས་སོན་ངེས་རེད་སྙམ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།