ཨུ་རི་སུའི་སྲིད་གཞུང་གི་ཆབ་སྲིད་འགལ་ཟླའི་མི་སྣ་བཙོན་འཇུག
ཨུ་རི་སུའི་སྲིད་འཛིམ་པུ་ཀྲིན་གྱི་ཆབ་སྲིད་ཁ་གཏད་ནཱ་ཝལ་ནེ་(Alexei Navalny) ལ་ངན་བྱུས་མགོ་སྐོར་གྱི་ཁ་མཆུའི་གནད་དོན་འོག་ནག་ཉེས་བཙོན་འཇུག་ལོ་གསུམ་དང་ཕྱེད་ཀ་དང་། དེའི་ལྷན་དུ་ཁོང་གི་ཕུ་ནུའང་བཙོན་འཇུག་བྱས་ཡོད་འདུག
ཨུ་རི་སུའི་སྲིད་འཛིམ་པུ་ཀྲིན་གྱི་ཆབ་སྲིད་ཁ་གཏད་ནཱ་ཝལ་ནེ་(Alexei Navalny) ལ་ངན་བྱུས་མགོ་སྐོར་གྱི་ཁ་མཆུའི་གནད་དོན་འོག་ནག་ཉེས་བཙོན་འཇུག་ལོ་གསུམ་དང་ཕྱེད་ཀ་དང་། དེའི་ལྷན་དུ་ཁོང་གི་ཕུ་ནུའང་བཙོན་འཇུག་བྱས་ཡོད་འདུག
གནད་དོན་དེར་མཁས་པ་མང་པོ་ཞིག་གིས་སྲིད་འཛིན་པུ་ཀྲིན་གྱི་ཆབ་སྲིད་ཤ་ལན་ལེན་ཐབས་ཡིན་པས། ད་ཆ་ཨུ་རུ་སུའི་ནང་སྐུ་ཞབས་ནཱ་ཝལ་ནེ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་མང་ལྷན་འཛོམས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱེད་བཞིན་ཡོད་འདུག
དེ་ཡང་ཕྱི་ཟླ་༡༢ ཚེས་༣༠ ཀྱི་རེས་གཟའ་མིག་དམར་ཉིན་སྐུ་ཞབས་ནཱ་ཝལ་ནེ་ལ་༢༠༠༨-༢༠༡༢ བར་གཞན་ནོར་ཧམ་ཟས་ཀྱི་གནད་དོན་འོག་སྲིད་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་དེ། ཁོང་གི་ནང་བཟང་བཙོན་དུ་བཅུག་སྟེ། ཁ་པར་དང། དྲ་རྒྱ། ཕྱི་མིར་ཐུག་འཕྲད་རྒྱུན་ལམ་སོགས་བཀག་འགོག་བྱས་ཡོད་པ་རེད། གནད་དོན་དེ་ཁྲིམས་ཁང་གི་ཐག་གཅོད་ངོ་མ་དེ་ཕྱི་ལོ་༢༠༡༥ ཟླ་༡ ཚེས་༡༥ འི་ཉིན་བྱེད་རྒྱུ་ཡིན་ན་ཡང། ཁྲིམས་ཁང་ནས་ཕྱི་ཟླ་༡༢ པའི་ཚེས་༣༠ ལ་སྐུ་ཞབས་ནཱ་ཝལ་ནེ་དང་ཁོང་གི་ཕུ་ནུ་ཨོ་ལེག་(Oleg Navalny) གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
སྐབས་དེར་སྐུ་ཞབས་ནཱ་ལྦལ་ནེ་ཡིས་ཁོང་གི་ཕུ་ནུ་ཨོ་ལེག་ཆབ་སྲིད་དང་གནད་དོན་གང་གི་ཐོག་འབྲེལ་བ་མེད་ཚུལ་དང། སྲིད་གཞུང་གི་ཆབ་སྲིད་ཀྱི་འགལ་ཟླར་བཙོན་འཇུག་བྱས་པ་མ་ཟད། འགལ་ཟླའི་ནང་མིར་སྡུག་སྦྱོང་དང་ཉེས་འཛུགས་བྱེད་ཀྱི་ཡོད་པའི་བསྒྲགས་བཏམ་ཞིག་སྤེལ་ཡོད་འདུག
ཨུ་རུ་སུའི་ནང་གནམ་གཤིས་གྲང་ངར་ལ་མ་ལྟོས་པར་ས་གནས་མི་མང་ཕོན་ཆེན་པོ་ཞིག་སྲིད་གཞུང་དང་། ཁྲིམས་ཁང་གི་ཐག་གཅོད་ལ་ངོ་རྒོལ་ཁྲོམ་སྐོར་བྱེད་བཞིན་ཡོད་འདུག
སྐུ་ཞབས་ནཱ་ཝལ་ནེ་བཟང་བཙོན་ནས་བྲོས་ཏེ་མི་མང་མཉམ་དུ་ཁྲོམ་སྐོར་རུ་ཞུགས་ཐབས་བྱས་ཡོད་ཀྱང། རྙེན་རྟོག་པ་ཚོས་ཁོང་འཛིན་བཟུང་བྱས་ཏེ་བཙོན་འཇུག་མི་བྱེད་པར་རང་ཉིད་ཀྱི་ཁྱིམ་དུ་སླར་ཡང་བཟང་བཙོན་བྱས་ཡོད་འདུག
དུས་ཡུན་ཆུ་ཚོད་གཉིས་ཙམ་གྱི་ཁྲོམ་སྐོར་རྗེས་མི་མང་ལ་བཙན་སྐུལ་གྱིས་ཕྱིར་ལོག་བཏང་ཡོད་པ་དང་མི་གྲང་བརྒྱ་ལྷག་འཛིན་བཟུང་བྱས་ཡོད་སྐོར་གཞུང་འབྲེལ་གྱི་བརྗོད་ཡོད་ཀྱང། ལས་འགུལ་བ་ཚོས་འགྲེལ་བརྗོད་བྱས་པ་ལྟར་ན་སྐབས་དེར་མི་༢༥༠ ལྷག་འཛིན་བཟུང་བྱས་ཡོད་འདུག
དེ་བཞིན་ཨ་རི་གཙོས་རྒྱལ་ཁབ་མང་པོ་ཞིག་གིས་ཐག་གཅོད་དེར་སྐྱོན་བརྗོད་བྱེད་པ་དང་། སྐུ་ཞབས་ནཱ་ཝལ་ནེ་ཡིས་ཞི་བདེའི་ངང་བསམ་ཚུལ་རང་དབང་གི་ཐོབ་ཐང་དེ་ལག་བསྟར་བྱེད་བཞིན་ཡོད་པས། མུ་མཐུད་ཆབ་སྲིད་ནང་མཉམ་ཞུགས་བྱེད་འཇུག་དགོས་སྐོར་འཇར་མན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐུ་ཚབ་ཞིག་གིས་བརྗོད་འདུག
གསར་འགོད་པ་བསྟན་འཛིན་ཟླ་བ།