འཇང་དགུན་ཆོས་ཆེན་མོ་སྦེལ་ཀོབ་ཏུ་འཚོགས་པ།
ཟླ་འདིའི་ཚེས་༢ ནས་དུས་ཡུན་ཟླ་བ་གཅིག་རིང་འདི་ལོའི་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་རྟེན་གཞི་བྱས་པའི་སེ་ར་ཐེག་ཆེན་གླིང་དུ་འཚོག་གི་ཡོད་པ་རེད།
ཟླ་འདིའི་ཚེས་༢ ནས་དུས་ཡུན་ཟླ་བ་གཅིག་རིང་འདི་ལོའི་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་རྟེན་གཞི་བྱས་པའི་སེ་ར་ཐེག་ཆེན་གླིང་དུ་འཚོག་གི་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢ ཉིན་གྱི་སྔ་དྲོ་འཇང་དགུན་ཆོས་ཆེན་མོའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག སེ་ར་བླ་སྤྱིའི་འདུ་ཁང་ནང་དུ་སྔོན་འགྲོའི་མཛད་སྒོ་འཚོགས་པ་དང་། ཚོགས་ཐོག་ཏུ་སེ་ར་བྱེས་སྨད་གཉིས་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་གཙོས་བླ་སྤྲུལ་དགེ་བཤེས་རྣམ་པ། འཇང་དགུན་ཆོས་ཚོགས་ཀྱི་ལས་ཀྱི་སྣེ་མོ་བ་ཡོངས་དང་། དེ་བཞིན་འདི་ལོར་འཇང་དགུན་ཆོས་ལ་ཕེབས་མཁན་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་གསུམ་དང་། གཞན་ཡང་ཕྱོགས་མཐའ་ཁག་ནས་ཆེད་དུ་ཕེབས་མཁན་རྭ་སྟོད་གྲྭ་ཚང་དང་། བཀྲིས་ལྷུན་པོ། རྣམ་རྒྱལ་གྲྭ་ཚང་། རྒྱུད་སྟོད་གྲྭ་ཚང་། རྫོང་དཀར་ཆོས་སྡེ། མཚན་ཉིད་གྲྭ་ཚང་སོགས་ནས་དགེ་ལྡན་པའི་དགེ་འདུན་པ་༤༠༠༠ མ་ཟིན་ཙམ་འདུ་འཛོམས་བྱུང་ཡོད་པ་རེད།
ཚོགས་ཐོག་ཏུ་སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་དང་དགེ་སྐོས་རྣམ་པས་ རིམ་པས་དུས་ཡུན་ཟླ་གཅིག་རིང་སློབ་གཉེར་བྱེད་ཕྱོགས་དང་། འཇང་དགུན་ཆོས་ཐོག་མར་བྱུང་སྟངས་སྐོར། ལྷག་པར་དུ་ཚད་མ་རྣམས་འགྲེལ་གྱིས་མཚོན་ཚད་མའི་གཞུང་ཆེན་ཁག་གི་མཚན་ཉིད་རིག་པའི་དོན་ལ་བརྡར་ཤ་བཅད་དེ་སྒྲོ་འདོགས་གཅོད་དགོས་སྐོར་དང་། གཞན་ཡང་གྲྭ་ཚང་སོ་སོར་གང་ཡོད་པའི་ཁྲིམས་དང་སྒྲིག་གཞི་སྤྱི་དང་ལྷག་པར་དུ་སེ་ར་ཐེག་ཆེན་གླིང་གི་དགེ་འདུན་པའི་ཁྲིམས་སྒྲིག་བརྩི་སྲུང་ལག་ལེན་དོན་འཁྱོལ་བྱ་དགོས་སྐོར་སོགས་ཀྱི་བླངས་དོར་གསུང་བཤད་གནང་ཡོད་པ་རེད།
ཕྱི་ཚེས་༢ གྱི་དགོང་དྲོར་ཚད་ཆེན་དམ་བཅའ་དང་རྩོད་རྒྱུག་གཅས་དངོས་སུ་དབུ་འཛུགས་གནང་ནས་ཉིན་ལྟར་ཞོགས་པའི་ཆུ་ཚོད་༩དགུ་བ་ནས་༡༡ བར་ལ་རྩོད་རྒྱུག་དང་། དགོང་དྲོ་ཆུ་ཚོད་༦ དྲུག་པ་ནས་༧་༣༠ བར་ལ་དམ་བཅའ་འཚོག་རྒྱུ་ཡིན་པ་དང་། དེ་ནས་དགོང་མོ་ཆུ་ཚོད་༡༡ བར་དུ་གྲྭ་ཚང་སོ་སོའི་ནང་རྩོད་པ་འཚོག་རྒྱུ་ཡིན་འདུག དུས་ཡུན་ཟླ་གཅིག་གི་རིང་ཚད་མིའི་གཞུང་ཆེན་ཁག་ལ་རྩོད་རྒྱུག་གི་ལམ་ནས་དོགས་དཔྱོད་གནང་བཞིན་ཡོད་པ་རེད་འདུག །
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།