རྒྱ་གཞུང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཐད་ཀྱི་བརྗོད་ཚིག་ལ་དོགས་ཟོན་བྱེད་དགོས།

སྤྱིར་འཇོན་ཐང་དང་ཤེས་ཡོན་མེད་པའི་མི་ཞིག་གིས་སེམས་ལ་གང་ཤར་བྲིས་ན་མི་འོས་པ་ཞིག་ཡིནའང་། གདོང་ལ་འབག་ཅིག་གྱོན་ཏེ་བསམ་ཚུལ་ཐུང་ཐུང་ཞིག་འདིར་བརྗོད་འདོད་བྱུང་། བོད་གཞིས་བྱེས་གཉིས་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་བོད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་བྱེད་མཁན་གྲངས་མེད་ཅིག་བྱུང་དང་འབྱུང་བཞིན་པ་རེད།

གུས་པ་གཡུ་སྒང་དགེ་འདུན།
སྤྱིར་འཇོན་ཐང་དང་ཤེས་ཡོན་མེད་པའི་མི་ཞིག་གིས་སེམས་ལ་གང་ཤར་བྲིས་ན་མི་འོས་པ་ཞིག་ཡིནའང་། གདོང་ལ་འབག་ཅིག་གྱོན་ཏེ་བསམ་ཚུལ་ཐུང་ཐུང་ཞིག་འདིར་བརྗོད་འདོད་བྱུང་། བོད་གཞིས་བྱེས་གཉིས་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་བོད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་བྱེད་མཁན་གྲངས་མེད་ཅིག་བྱུང་དང་འབྱུང་བཞིན་པ་རེད།
ང་རང་ཚོ་ཤ་ཁྲག་རུས་གསུམ་བོད་པ་ཞིག་ཡིན་པའི་རྗེས་སུ་ཁོང་ཚོའི་ཆོད་སེམས་དང་། སྙིང་སྟོབས། མི་རིགས་ཀྱི་བརྩེ་ཞེན་བཅས་ལ་གུས་བརྩི་དང་རྗེས་སུ་ཡི་རངས་བྱེད་དགོས་པ་དེ་སྨོས་ཅི་དགོས། ཡིན་ནའང་། ང་རང་ཚོས་དོགས་ཟོན་བྱེད་དགོས་པ་ཞིག་ནི། རྒྱ་ནག་སྲིད་གཞུང་གིས་ང་ཚོའི་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་རྣམས་ལ་ཉེས་འདོགས་ཀྱི་ཚིག་མང་པོ་ཞིག་བརྗོད་ཀྱི་ཡོད་ནའང་གཙོ་བོ་གསུམ་བརྗོད་བཞིན་པ། ༡། ཁ་བྲལ་རིང་ལུགས་པའི་ངན་བསྐུལ་དང་། ༢། རང་གི་བཟའ་ཟླ་དང་མ་མཐུན་པ། ༣། རང་ལ་སེམས་པ་མི་སྐྱིད་པའི་གནས་ཚུལ་གཞན་ཡོད་པ་སོགས་འགྲེལ་བཤད་སྣ་ཚོགས་བྱེད་བཞིན་པའི་སྐབས། འདིར་ང་ཚོ་བཙན་བྱོལ་བའི་ཁྲོད་ནས་གསལ་བསྒྲགས་བྱེད་སྐབས་བརྗོད་ཚིག་གསུམ་ལ་འབྲེལ་ཡོད་འབྲེལ་ཆགས་ཀྱི་དོགས་པ་སྤུ་ཙམ་སྐྱེ་ཡུལ་མེད་པ་ཞིག་གསལ་བསྒྲགས་བྱེད་རྒྱུ་གནད་འགག་རེད། ངས་འདི་ལྟར་བཤད་དགོས་དོན། དེང་སྐབས་དྲ་ལམ་ཁག་ནས་འདྲེ་ལྷ་རུ་བཟོ་ལ། ལྷ་འདྲེ་རུ་ཡང་བཟོ་བཞིན་ཡོད་དུས། ཨ་མ་དང་མནའ་མ་མ་ནོར་བ་ཞིག་ངེས་པར་དུ་བྱེད་དགོས།

དེར་བརྟེན་ད་ལྟ་ང་ཚོའི་ཁོར་ཡུག་འདིར་གཞིས་བྱེས་གཉིས་ནས་གནས་ཚུལ་ཐོས་པ་ཙམ་གྱིས་བསྒྲགས་རྐྱང་བྱེད་བཞིན་པ་དེ་ཏག་ཏག་མ་བསྡད་པ་འདྲ་བོ་ཞིག་འདུག ང་ཚོ་འདིར་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་སྐྱིད་སྡུག གསར་འགོད་པ་སོགས་སུ་དང་སུ་ཡིན་ནའང་རང་ནུས་ཅི་ཐོན་གྱིས་ཞིབ་འཇུག་བྱས་ཏེ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་མོད། འོན་ཀྱང་།
ཕྱི་གསལ་ནང་གསལ་ཡིན་པའི་རིགས་གསལ་བསྒྲགས་བྱས་ན་མ་གཏོགས། ང་རང་ཚོས་ངོས་ནས་དོགས་པ་མེད་ཀྱང་། གཞན་(རྒྱ་གཞུང་དང་རྒྱལ་ཁབ་གཞན་)གྱིས་བལྟས་ན་ཐེ་ཚོམ་ཡོད་པའི་རིགས་གསལ་བསྒྲགས་བྱས་ན། རྒྱ་གཞུང་དང་མི་རིགས་གཞན་གྱི་སྲིད་དོན་ཐབས་བྱུས་མཁས་པ་དེ་ཚོས་དོན་དེ་ཨ་ལོག་རྒྱག་ཆོག་ཆོག་ཡོད་སྟབས་ང་ཚོའི་ལས་དོན་གྱི་ནུས་པ་ཆུང་རུ་འགྲོ་རྒྱུའི་ཉེན་ཁ་ཡོད།

གོང་དུ་བཤད་ཟིན་པའི་སྤྱིའི་བརྗོད་ཚིག་དག་ལས་དང་པོ་ནི། རྒྱ་གཞུང་གིས་ ༡༩༥༩ ནས་བརྗོད་པའི་གཏམ་སྙིང་ཞིག་ཡིན་པས་རྒྱལ་སྤྱིའི་སྒང་ནས་དམིགས་བསལ་གྱིས་ཨ་ལོག་རྒྱག་རྒྱུ་མེད། འོན་ཀྱང་། གང་གཟབ་གཟབ་བྱས་ན་ལེགས། གཉིས་པ་དང་གསུམ་པ་ནི། ད་ལྟ་ང་ཚོའི་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བའི་དཔའ་བོ་དཔའ་མོ་ཚོའི་མཛད་རྗེས་ཀྱི་རྡོ་རིང་ལ་གས་ཆག་གཏོང་བྱེད་ཀྱི་ཐོ་བ་ལྟ་བུ་རེད། བརྗོད་ཚིག་དེ་གཉིས་ཨ་ལོག་རྒྱག་ཆོག་ཆོག་ཡིན་པས། དེར་ངེས་པར་གཟབ་དགོས་དུས་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་སྐྱིད་སྡུག གསར་འགོད་པ་སོགས་སུ་ཡིན་ཡང་གསལ་བསྒྲགས་བྱེད་པར་ཆ་རྐྱེན་ཚང་དགོས་པའི་སྒྲིག་གཞི་ཡོད་པ་ཞིག་ངེས་པར་ཡིན་དགོས་ཀྱི་འདུག ཉིན་ཞིག་བརྗོད་དོན་ལ་འཛམ་གླིང་མི་མང་གིས་གདེང་འཁེལ་མེད་པ་ཞིག་ཆགས་ཡོང་ན། སྐབས་དེར་སླེབས་དུས་མནའ་མ་འཕྱིན་ཤོར་མའི་དཔེ་ལྟར་གྱུར་ཏེ་ཕྱིར་བསྡུ་བྱེད་རྒྱུ་མེད། རྒྱ་ནག་གིས་བརྗོད་ཚིག་དེ་དག་ལ་འཇུ་ས་མེད་པ་ཞིག་དང་། རང་སྲོག་བློས་བཏང་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་གས་སྐྱོན་མི་འབྱུང་བ། ང་ཚོས་འཛམ་གླིང་མི་མང་གིས་མཐོང་ཆོས་སུ་བརྗོད་དོན་གདེང་འཁེལ་བའི་ཆེད་དུ། བརྗོད་ཚིག་དེ་དག་གི་ཐད་ལ་རྒྱ་ནག་གི་ངོས་ནས་དོགས་པ་སྤུ་རྩེ་ཙམ་སྐྱེ་ཡུལ་མེད་པ་ཞིག་གི་ཆ་རྐྱེན་གྱི་འོག་ནས་གསལ་བསྒྲགས་བྱེད་ཐུབ་ན་བཟང་བར་འདོད།
ངས་འདི་ལྟར་བཤད་དུས་སྣང་བ་མ་འགྲོ་བའི་རྐྱེན་གྱིས་སྐད་ཆ་མང་པོ་ཞིག་ལྷགས་ཡོང་སྲིད་མོད། དེའི་རིགས་ལ་ཡ་ལན་སྤྲད་དགོས་དོན་མེད། མདོ་དོན་ང་ཚོས་གསལ་བསྒྲགས་ཇི་འདྲ་ཞིག་བྱེད་ནའང་། མདུན་རྒྱབ་གཉིས་ལ་ཞིབ་ཚགས་པ་ཞིག་ལྟ་རྒྱུ་དེ་གནད་འགག་རེད།
༢༠༡༥ ཟླ་༡ ཚེས་༥ ཉིན་བྲིས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།