འོ་མ་ལས་ཆུ་ཞིམ་པའི་ལྟ་ཚུལ།

རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁནྜ་མངའ་སྡེའི་ནང་དུ་རྟེན་གཞི་བྱས་པའི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༠ འཁོར་བའི་དུས་དྲན་ཞིག་འཚོགས་སོང་བ་དང།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༢༤ ཕྱི་ལོ་ ༢༠༡༤/༡/༧
རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁནྜ་མངའ་སྡེའི་ནང་དུ་རྟེན་གཞི་བྱས་པའི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༠ འཁོར་བའི་དུས་དྲན་ཞིག་འཚོགས་སོང་བ་དང། དགོན་པ་དེ་ནི་༧གོང་ས་མཆོག་གིས་དབུས་བོད་རིགས་མང་པོ་ཞིག་བཙན་བྱོལ་དུ་གྱར་ནས་བོད་གཞུང་གསར་འཛུགས་གནང་ཡུལ་མ་སུ་རི་དང་མི་རིང་བའི་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་ཆགས་ཡོད་པ་རེད། བཙན་བྱོལ་བོད་གཞུང་མ་སུ་རི་ནས་དྷ་རམ་ས་ལར་གནས་སྤོས་མ་བྱས་པའི་སྔོན། དྷ་རམ་ས་ལར་གཟིགས་སྐོར་དུ་ཕེབས་མཁན་སྐུ་ཚབ་ཀྱིས་མ་སུ་རི་ཡི་འོ་མ་ལས་དྷ་རམ་ས་ལའི་ཆུ་ཞིམ་པ་འདུག་ཅེས་དྷ་རམ་ས་ལའི་ཡོན་ཏན་བརྗོད་པ་རེད་ཅེས་ཤོད་རྒྱུན་ཞིག་ཡོད་ཀྱང། ད་ལྟ་སྨིན་གྲོལ་གླིང་ཆགས་ཡོད་པའི་ས་གནས་འདི་ནི་གནམ་གཤིས་དྲོ་དྲང་སྙོམས་ལ། ས་བབས་དང་འགྲིམ་འགྲུལ་བདེ་བ་སོགས་ཕྱོགས་གང་ཐད་ནས་ས་ཆ་ཧ་ཅང་ཡག་པོ་ཡོད་པས། གུ་དོག་པའི་དྷ་རམ་ས་ལའི་རི་འབུར་དང་ཕྱོགས་གང་ཐད་ནས་བསྡུར་ཐབས་གཏན་ནས་མེད་པ་ཞིག་ཏུ་གྱུར་འདུག

ད་དུང་ཕྱོགས་གཅིག་ནས་བཤད་ན་སྨིན་གྲོལ་གླིང་ཆགས་པའི་གཡས་གཡོན་གྱི་ས་ཆ་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་དེ་ནི་ཨ་མདོ་བླ་བྲང་ནས་ཡིན་པ་གུང་ཐང་ཚུལ་ཁྲིམས་ཀྱིས་ཐབས་ཤེས་གནང་ནས་རིན་མེད་ཀྱིས་ཐོབ་པ་ཞིག་ཡིན་འདུག་པ་དང། ད་ལྟ་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གྱི་གཞིས་ཆགས་ནང་ནས་ས་ཆ་སྐྱིད་ཤོས་དང་ས་ཆ་རིན་ཐང་ཆེ་ཤོས་སུ་གྱུར་ཡོད། གཞུང་གི་འགན་ཁུར་མཁན་ལས་བྱེད་ཚོས་རི་འབུར་ཞིག་གི་སྒང་དུ་རྒྱ་གར་གཞུང་གིས་བཏང་སོང། འགྲོ་དང་མི་འགྲོ་ཟེར་ས་མི་འདུག་ཅེས་འཁུམས་ནས་བཞུགས་བསྡད་པ་ཞིག་ཡིན་མིན་དང། སྐབས་དེའི་གཡས་གཡོན་ལ་ནག་ཕྱོགས་པར་བརྩི་བ་མ་ཟད། ཐ་མ་ཚེ་སྲོག་ཀྱང་མེ་མདའི་སོ་ཁ་ལ་དྲངས་པའི་གུང་ཐང་ཚུལ་ཁྲིམས་ཀྱི་ནུས་པ་ལ་བརྟེན་ནས་ས་ཆ་ཡག་པོ་དེ་ལྟ་བུ་ཞིག་རག་ཐུབ་པ་ནི་འཇོན་ཐང་དང་ནུས་པ་ཁོ་ན་བརྟེན་ནས་བྱུང་བ་རེད། གནད་དོན་འདིའི་ཐོག་ནས་བསམ་བློ་བཏང་ན་ལན་འདེབས་དཀའ་བའི་དོགས་འདྲི་མང་པོ་ཞིག་ཀྱང་རང་བཞིན་གྱིས་སླེབས་ཡོང་བ་ཞིག་རེད།
མ་སུ་རི་ཡི་འོ་མ་དང་དྷ་རམ་ས་ལའི་ཆུ་ཞིམ་པའི་སྒྲུང་དེ་༧གོང་ས་མཆོག་གི་མཛད་རྣམ་དུ་འཁོད་ཡོད་ཀྱང། སྐབས་དེར་དྷ་རམ་ས་ལར་གཟིགས་སྐོར་དུ་ཕེབས་མཁན་སྐུ་ཚབ་དེས་མ་སུ་རི་ཡི་འོ་མ་ལས་དྷ་རམ་ས་ལའི་ཆུ་ཞིམ་པ་འདུག་ཅེས་ཁོང་གིས་བཤད་རྒྱུ་མ་བྱུང་བ་དང། ང་ལྟ་སྐོར་དུ་སོང་བ་ཙམ་ལས་གནས་དེར་སྤོ་དགོས་པ་རྒྱ་གར་གཞུང་གིས་ཐག་གཅོད་གནང་ཟིན་འདུག་ཅེས་ཕྱིས་སུ་ཁོང་གི་ལོ་རྒྱུས་སུ་བྲིས་འདུག གལ་སྲིད་ཁོང་གི་གནད་དོན་དེ་བདེན་པའི་དབང་དུ་བཏང་ཡང། སྐབས་དེར་དུས་ཡུན་རིང་པོ་ཞིག་ལ་བཙན་བྱོལ་དུ་ལྷག་སྲིད་པར་ཚོད་དཔག་དང། དེ་ལ་བརྟེན་ནས་མ་འོངས་པར་ཡར་རྒྱས་གཏོང་ས་ཡོད་པའི་ས་ཆ་ཞིག་ཏུ་དབུས་ཀྱི་ལས་ཁུངས་ཁག་སོགས་ཆགས་དགོས་པའི་འཆར་གཞི་དེ་བསམ་བློར་འཁོར་ཡོད་ན། དྷ་སའི་རི་འབུར་གྱི་ངོས་སུ་ཨུ་ཚུགས་བྱས་ནས་འཚང་ཁ་རྒྱག་མི་དགོས་པ་ཞིག་ཏུ་གྱུར་ཡོད་ངེས་རེད། འོན་ཀྱང་སྐབས་དེར་གཞུང་འབངས་གཉིས་ཀའི་ངོས་ནས་བཙན་བྱོལ་དུ་རྒྱུན་རིང་སྡོད་མི་དགོས་པའི་རེ་བ་དེ་བརྒྱབ་ཡོད་པ་རེད།

ད་ལྟའི་གནས་སྟངས་གཞི་ལ་བཞག་ནས་མི་ལོ་༥༠ སྔོན་གྱི་ལོ་རྒྱུས་དེར་བསམ་གཞིག་བྱས་ན། གཞན་བརྟེན་གྱི་བསམ་བློ་ཁོ་ན་མ་ཡིན་པར་གཞུང་འབངས་གཉིས་ཀྱི་དཀའ་ངལ་སེལ་ཐུབ་པར་ཕན་པའི་བསམ་བློ་གཏོང་ཐུབ་མཁན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་དང། མཁས་དབང་དགེ་འདུན་ཆོས་འཕེལ་ལྟ་བུ་ཕུགས་རྒྱང་རིང་པོ་མཐོང་ཐུབ་མཁན་གྱི་མི་སྣ་རྣམས་ལ་ཞྭ་ནག་གཡོགས་པའི་ལུགས་སྲོལ་དེ་བོད་ལ་སྔོན་མ་ནས་ཡོད་པ་ལྟར། གུང་ཐང་ཚུལ་ཁྲིམས་ཀྱང་གནད་དོན་དེ་ལྟ་བུའི་འོག་ནས་དབུ་ཉེས་ཤོར་སོང་བ་ཞིག་རེད། ད་ལྟའི་ཆར་ཡང་དེ་ལྟ་བུའི་ལུགས་སྲོལ་དེར་དགའ་སྣང་བྱེད་མཁན་གྱི་མི་སྣ་ཡང་མི་ཉུང་བ་ཞིག་ཡོང་གི་ཡོད་པ་ནི་ཡར་རྒྱས་ཀྱི་བཀག་རྡོ་ལྟ་བུར་གྱུར་ཡོད། སླད་ཀྱང་གཞུང་སྒེར་གཉིས་ཀྱི་ལས་དོན་ལ་ཕན་པར་རང་ཉིད་ཀྱི་ངོས་ནས་བསམ་བློ་གཏོང་མཁན་གྱི་རིགས་ལ་མགོ་རྡུང་གཏོང་གང་ཐུབ་བྱེད་མི་རུང་བ་འདི་ཡང། གནད་དོན་འདི་དང་འདི་ལྟ་བུའི་ཐོག་ནས་བསླབ་བྱ་ལེན་དགོས་པ་ཞིག་ཏུ་གྱུར་ཡོད།

མདོར་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ད་ལྟའི་ཆར་ཀ་ལ་མན་ཊོན་ལྟ་བུའི་ས་ཆ་ཞིག་རག་ཐུབ་པའི་རེ་བ་གཏན་ནས་མེད་ལ། སྐབས་དེར་སྐད་ཡིག་གི་ཐོག་ནས་རང་རྐྱ་མི་འཕེར་ནའང། བསམ་བློའི་ཐོག་ནས་ཕུགས་རྒྱང་རིང་པོ་མཐོང་ཐུབ་པའི་མི་སྣ་རྣམས་ལ་གཅེས་སྐྱོང་བྱེད་མ་ཐུབ་པར། མ་སུ་རི་ཡི་འོ་མ་དང་དྷ་རམ་ས་ལའི་ཆུ་ཞིམ་པའི་སྒྲུང་གཏམ་བཟོ་སྒྲིག་བྱེད་ཐུབ་པ་ཙམ་གྱིས་ཕུགས་རྒྱང་རིང་པོར་ཕན་ཐོགས་གང་ཡང་མེད་པ་དང། ལྷག་པར་རང་ཉིད་ཀྱི་བསམ་བློ་ལ་བརྟེན་ནས་ཆབ་སྲིད་དང་དཔལ་འབྱོར་ཤེས་ཡོན་སོགས་གང་ཐད་ནས་མདུན་སྐྱོད་བྱེད་ཐུབ་མཁན་གྱི་མི་སྣ་མེད་པའི་དཀའ་ངལ་དེ་སེལ་བར་འབད་བརྩོན་བྱེད་དགོས་པ་ལས། དད་མོས་ཁ་ཁྱེར་རིང་ལུགས་ཙམ་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་འདི་ཉིད་རང་རྐྱ་ཐུབ་པའི་ཐོག་ནས་གནས་མི་ཐུབ་པ་ནི་ནམ་ལངས་ཉི་ཤར་གྱི་དཔེ་རུ་གྱུར་ཡོད། དེར་བརྟེན་དེའི་ཐོག་ལ་གཞུང་འབངས་གཉིས་ཀའི་ཐོག་ནས་བསམ་བློ་གཏོང་དགོས་པ་ཧ་ཅང་གལ་ཆེ། དེ་ལྟར་མ་བྱས་ནས་མ་འོངས་པར་འགྱོད་ཀྱང་བཅོས་ཐབས་གང་ཡང་མེད་པར་གྱུར་ཟིན།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།