ན་ནིང་ལོར་སྨན་པའི་ཟུར་བཅད་ཞབས་སྟེགས་གསུམ་པོ་དེ་འཕྲོ་བརླག་ཏུ་ཕྱིན་པ་རེད།

ཐེངས་འདིར་བོད་མིའི་འཛིན་རིམ་བཅུ་པའི་སློབ་མར་འགོ་ཁྲིད་ཀྱི་ཟབ་སྦྱོང་སྤྲད་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་འཕྲོད་བསྟེན་ལས་ཁུངས་ཀྱིས་པར་བསྐྲུན་ཞུས་པའི་<<རེ་བ་>>ཞེས་པའི་དབྱིན་ཡིག་ཐོག་ཡོད་པའི་ཕོ་མོའི་འཕྲོད་བསྟེན་དང་འབྲེལ་བའི་དཔེ་དེབ་འདོན་ཐེངས་གཉིས་པ་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་དྲ་རྒྱ་ tibetanhealth.org ཞེས་པ་དབུ་འབྱེད་གནང་ཡོད་པ་རེད།

ཐེངས་འདིར་བོད་མིའི་འཛིན་རིམ་བཅུ་པའི་སློབ་མར་འགོ་ཁྲིད་ཀྱི་ཟབ་སྦྱོང་སྤྲད་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་འཕྲོད་བསྟེན་ལས་ཁུངས་ཀྱིས་པར་བསྐྲུན་ཞུས་པའི་<<རེ་བ་>>ཞེས་པའི་དབྱིན་ཡིག་ཐོག་ཡོད་པའི་ཕོ་མོའི་འཕྲོད་བསྟེན་དང་འབྲེལ་བའི་དཔེ་དེབ་འདོན་ཐེངས་གཉིས་པ་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་དྲ་རྒྱ་ http://tibetanhealth.org/ ཞེས་པ་དབུ་འབྱེད་གནང་ཡོད་པ་རེད།

DSC_0110
tibet.net

སྐབས་དེར་འཕྲོད་བསྟེན་བཀའ་བློ་ཚེ་རིང་དབང་ཕྱུག་གིས་སློབ་མ་ཚོ་མ་འོངས་པའི་འགོ་ཁྲིད་ཡིན་པར་བརྟེན་འགོ་ཁྲིད་ཚད་ལྡན་ཞིག་ཆགས་པར་དུས་རྒྱུན་དུ་སློབ་གྲྭའི་ནང་སློབ་སྦྱོང་བྱེད་སྟངས་དང་སྤྱོད་ལམ་འཁྱེར་སྟངས་སོགས་དེ་དག་ཚང་མའི་ཐོག་འབྲེལ་བ་ཤུགས་ཆེ་ཆགས་ཡོད་སྐོར་དང་འབྲེལ་འཕྲོད་བསྟེན་ཐོག་ཆེད་ལས་པ་དགོས་སྐོར་གསུང་དོན། “ཁྱེད་རང་ཚོའི་ནང་ནས་མ་འོངས་པར་སྨན་པ་དང་། སྨན་ཞབས་པ། སྨན་སྦྱོར་ཆེད་ལས་པ་སོགས་གང་མང་ཐོན་རྒྱུའི་རེ་བ་བྱེད་བཞིན་ཡོད། འཕྲོད་བསྟེན་ལས་ཁུངས་སུ་སྨན་སྦྱོར་ཆེད་ལས་པ་བདུན་ཙམ་དགོས་གལ་ཆགས་ཡོད། ང་ཚོས་གསལ་བསྒྲགས་ལོ་གཅིག་གོང་བཏང་ཟིན་ཡང་སྙན་འབུལ་མཁན་གཅིག་ཀྱང་འབྱོར་མེད། བོད་པའི་སྤྱི་ཚོགས་ནང་སྨན་སྦྱོར་ཆེད་ལས་པ་ཉུང་དྲགས་པ་མིན་ནམ་ཡང་ན་གླ་ཕོགས་ཉུང་དྲགས་ཡོད་ན་གང་ལྟར་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་སྙན་ཞུ་འབུལ་མཁན་བྱུང་མེད། སྤྱིར་རྣམ་པ་ཚོ་འགོ་ཁྲིད་ནུས་པ་སྐྱེད་སྲིང་དང་འབྲེལ་བའི་ཟབ་སྦྱོང་ཐོག་བཅར་ ཡོད། གཙོ་ཆེ་ཤོས་དེ་སློབ་གྲྭའི་དུས་ཚོད་ནང་འཛིན་རིམ་བཅུ་པ་དེ་ཁྱེད་རང་ཚོའི་སློབ་སྦྱོང་གི་བརྒྱུད་རིམ་ནང་འཕོ་འགྱུར་འགྲོ་མཚམས་ལྟེ་བ་ལྟ་བུ་ཆགས་ཀྱི་ཡོད། ང་ཚོས་སློབ་སྦྱོང་བྱེད་སྐབས་དམིགས་ཡུལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོའི་བོད་པའི་སྤྱི་ཚོགས་ནང་ཕྱི་ལུགས་སྨན་པ་དཀོན་པོ་ཡོད། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཟུར་བཅད་ཞབས་སྟེགས་ཐོབ་སྟེ་སྨན་པ་ཐོན་མཁན་ ༨༠ ལྷག་བྱུང་ཡོད། ཁོང་ཚོའི་ཁྲོད་མང་པོ་ཞིག་གིས་ཕྱི་རྒྱལ་གྲུ་ཁག་དང་སྤྱི་ཚོགས་གཞན་གྱི་ནང་ཕྱག་ལས་གནང་བཞིན་ཡོད། ཕྱིི་ལུགས་སྨན་པའི་དཀའ་ངལ་ཆེན་པོ་ཡོད་པ་གསལ་པོ་རེད་”ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་སྨན་གྱི་སློབ་སྦྱོང་སྐོར་གསུང་དོན། “ངས་ཁྱེད་རང་ཚོར་སྨན་(MBBS) པའི་སློབ་སྦྱོང་དང་འབྲེལ་བའི་ཐོག་ཚིག་ཁ་ཤས་ཞུ་འདོད་བྱུང་། ང་ཚོ་བོད་རིགས་སློབ་ཕྲུག་རྣམས་ཀྱི་ཆེད་སྨན་པའི་ཟུར་བཅད་ཞབས་སྟེགས་གསུམ་ཡོད་པ་དེར། ན་ནིང་ལོར་སྨན་པའི་ཚུད་རྒྱུགས་བཏང་རྗེས་སློབ་མ་གཅིག་གིས་ཀྱང་དགོས་ངེས་བརྒྱ་ཆ་ལོན་མེད། དེར་བརྟེན། ཟུར་བཅད་ཞབས་སྟེགས་གསུམ་པོ་དེ་འཕྲོ་བརླག་ཏུ་ཕྱིན་པ་རེད། འོན་ཀྱང་ན་ནིང་སྨན་པའི་ཚུད་རྒྱུགས་ནང་འདེམས་ཐོན་མ་བྱུང་བ་རྣམས་ནས་སེམས་ཤུགས་ཆག་རྒྱུ་མེད། རྒྱ་གར་གཞུང་གི་ཁྲིམས་ཐོག་ཏུ་སྨན་པའི་ཚུད་རྒྱུགས་གཏོང་རྒྱུའི་ལོ་ཚད་དེ་ལོ་༡༩ ནས་༢༣ བར་ཆགས་ཡོད། དེར་བརྟེན་བོད་པའི་སློབ་ཕྲུག་རྣམས་ནས་སེམས་ཤུགས་མ་ཆག་པར་མུ་མཐུད་འབད་བརྩོན་གནང་དགོས། སྨན་པའི་ཞབས་སྟེགས་དེར་ཚུད་པར་སློབ་གྲྭའི་དུས་ནས་ཚན་རིག་ཐོག་ཤུགས་རྒྱག་དགོས། ང་ཚོའི་སྨན་པ་ཚོ་ས་གནས་གཞིས་ཆགས་ཁག་ཏུ་ཕྱག་ལས་གནང་དུ་ཡོང་མཁན་ཁག་པོ་ཡོད་པར་བརྟེན། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་སྨན་པ་ཚོར་ལས་ཤག་དང་གསོལ་ཕོགས་དེ་དག་སྔར་ལྷག་ཡག་ཏུ་བཏང་པ་སོགས་དམིགས་བསལ་མཐུན་རྐྱེན་སྦྱར་ཏེ་སྨན་པ་རྣམས་མུ་མཐུད་བོད་པའི་སྤྱི་ཚོགས་ནང་གནས་ཐབས་གནང་དང་གནང་མུས་ཡིན། དེ་བཞིན་སྨན་པ་རྣམས་ལ་ཟབ་སྦྱོང་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སློབ་སྦྱོང་གི་གོ་སྐབས་ཀྱང་གོ་སྒྲིག་ཞུ་གི་ཡོད། སྤྱིར་བཏང་བྱས་ན་རྒྱ་གར་རྒྱལ་ཡོངས་ནང་སྨན་པའི་ཞབས་སྟེགས་དེ་ཐོབ་རྒྱུ་ཧ་ཅང་ཁག་པོ་ཡོད། རྒྱ་གར་གྱི་སློབ་མས་བརྒྱ་ཆ་དགུ་བཅུ་གོ་ལྔ་ཙམ་ལོན་ཡང་སྨན་པའི་ཞབས་སྟེགས་ཐོབ་རྒྱུ་ཁག་པོ་ཡོད། ང་ཚོ་བོད་པའི་སློབ་ཕྲུག་རྣམས་ལ་དེ་ལྟ་བུའི་བརྒྱ་ཆ་མཐོན་པོ་མེད་ནའང་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་བཏང་རྗེས། ཉུང་མཐའི་དགོས་མཁོའི་བརྒྱ་ཆ་དེ་ལོན་ཚེ་ཟུར་བཅད་ཞབས་སྟེགས་གསུམ་ཡོད་པ་དེ་ཐོབ་ཀྱི་ཡོད། ཟུར་བཅད་ཞབས་སྟེགས་ཐོབ་མཁན་སྨན་པ་ཁག་གཅིག་སློབ་སྦྱོང་ཐོན་རྗེས་འཕྲོད་བསྟེན་ལས་ཁུངས་སུ་ལས་བཅར་ཞུས་ཏེ་བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་བར་ཡོང་གི་མེད་སྟབས། འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་སློབ་དེ་དག་དང་མཉམ་གན་རྒྱ་འཇོག་གི་ཡོད། དེ་ཡང་སྔ་མོའི་གན་ཡིག་ནང་གལ་ཏེ་སྨན་པ་གང་ཞིག་སློབ་སྦྱོང་ཐོན་རྗེས་ལོ་གསུམ་རིང་ཞབས་འདེགས་མ་ཞུས་ཚེ་ཧིན་སྒོར་འབུམ་གཅིག་དང་སློབ་ཡོན་ཕྱིར་སློག་བྱེད་དགོས་ཀྱི་ཡོད། ད་ཆ་གཞིས་ཆགས་ཁག་གི་ནང་ཕྱག་ལས་གནང་མཁན་སྨན་པ་རག་རྒྱུ་ཁག་པོ་ཆགས་སྟབས། མི་མང་གི་འཕྲོད་བསྟེན་ཐོག་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པར་བརྟེན། གན་རྒྱ་དེར་བསྐྱར་ཞིབ་ཀྱིས་སྨན་པའི་ཟུར་བཅད་ཞབས་སྟེགས་ཐོབ་མཁན་གང་ཞིག་ལོ་གསུམ་རིང་འཕྲོད་བསྟེན་ཁྱབ་ཁོངས་སྤྱི་ཚོགས་ཞབས་འདེགས་མ་ཞུས་ཚེ་ཧིན་སྒོར་ འབུམ་ཉི་ཤུ་ཕྱིར་སློག་བྱེད་དགོས་པ་བཟོས་ཡོད་པ་དང་། དེ་བཞིན་གཞིས་ཆགས་ཁུག་ཀྱོག་ཁག་གི་ནང་ཕྱག་ལས་གནང་མཁན་ཡོད་ཚེ་གན་རྒྱའི་ནང་ལོ་གཉིས་མ་གཏོགས་ཕྱག་ལས་གནང་དགོས་མེད་པ་གསལ་ཡོད། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་སྨན་པའི་སློབ་སྦྱོང་ཐོན་མཁན་རྣམས་ལ་གན་རྒྱ་གཞིར་བཟུང་ཞབས་ཕྱི་ཞུ་བར་ཡོང་དགོས་སྐོར་གྱི་ཐད་འབྲེལ་བ་བྱས་དང་བྱེད་མུས་ཡིན། ད་ལྟའི་ཆར་སྨན་པའི་སློབ་སྦྱོང་གནང་བཞིན་པའི་སྨན་སློབ་༡༨ ཙམ་ཡོད། འདི་ལོ་བསླབ་པ་མཐར་སོན་བྱེད་མཁན་བཞི་ཙམ་ཡོད། ཁོང་རྣམས་འཕྲོད་བསྟེན་ལས་ཁུངས་སུ་ལས་བཅར་ཞུ་རྒྱུ་རེད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་ཁང་ཁག་ནང་དེ་སྔ་ལས་སྨན་པ་མང་དུ་ཕྱིན་ཡོད། ལོ་གསུམ་གྱི་གོང་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་ཀྱི་གཞིས་ཆགས་ཁག་ནང་ཡོད་པའི་སྨན་ཁང་ཁག་ནང་ཕྱི་ལུགས་སྨན་པ་བཞི་དང་བདེ་ལེགས་སྨན་ཁང་དུ་གསུམ་ལས་མེད། ད་ལྟའི་ཆར་ང་བརྩིས་པའི་ཕྱི་ལུགས་སྨན་པ་༢༠ ཙམ་ཡོད། འདི་ནི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གྲུབ་འབྲས་ཆེ་ཤོས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད། འཕྲོད་བསྟེན་ལས་ཁུངས་ནི་བློན་ཆེན་ལས་ཁུངས་བདུན་ཡོད་ཁོངས་ནས་གལ་ཆེ་བ་གཅིག་ཆགས་ཀྱི་ཡོད་པ་རེད་”ཅེས་གསུངས་སོང་།

དེ་བཞིན་བཀའ་བློན་གྱིས་འཕྲོད་བསྟེན་ལས་ཁུངས་ཀྱི་བྱུང་རིམ་དང་། ལས་འགན། ལས་དོན་སྤེལ་ཕྱོགས། ཕོ་མོའི་འཕྲོད་བསྟེན་སྐོར་དང་། དེ་བཞིན་བཀའ་ཤག་སྐབས་༡༤ པས་ཤེས་ཡོན་འདི་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་གནང་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།