སྨྲ་བརྗོད་རང་དབང་གི་བཀག་རྡོ་གཉིས།

སྤྱིར་མིའི་སྤྱི་ཚོགས་ཤིག་ལ་མཚོན་ན་སྨྲ་བརྗོད་རང་དབང་དགོས་པ་དེ་གལ་ཆེ་ཤོས་ཡིན་པ་དང། སྨྲ་བརྗོད་རང་དབང་མེད་པའི་སྤྱི་ཚོགས་ནི་མུན་ནག་འབའ་ཞིག་རེད་ཅེས་བརྗོད་ཀྱང་ཆོག དེང་གི་དུས་སུ་སྨྲ་བརྗོད་རང་དབང་དགོས་པའི་བརྗོད་ཚིག་དེ་འཛམ་གླིང་གི་ཤར་ནུབ་ཀུན་ཏུ་དར་བའི་རྩེ་མོར་སོན་ཡོད་པ་དང།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༢༥    ཕྱི་ལོ་ ༢༠༡༤/༡/༡༤

སྤྱིར་མིའི་སྤྱི་ཚོགས་ཤིག་ལ་མཚོན་ན་སྨྲ་བརྗོད་རང་དབང་དགོས་པ་དེ་གལ་ཆེ་ཤོས་ཡིན་པ་དང། སྨྲ་བརྗོད་རང་དབང་མེད་པའི་སྤྱི་ཚོགས་ནི་མུན་ནག་འབའ་ཞིག་རེད་ཅེས་བརྗོད་ཀྱང་ཆོག དེང་གི་དུས་སུ་སྨྲ་བརྗོད་རང་དབང་དགོས་པའི་བརྗོད་ཚིག་དེ་འཛམ་གླིང་གི་ཤར་ནུབ་ཀུན་ཏུ་དར་བའི་རྩེ་མོར་སོན་ཡོད་པ་དང། རང་བཞིན་གྱི་མཐུན་རྐྱེན་ཁག་ཅིག་ལ་བརྟེན་ནས་སྨྲ་བརྗོད་རང་དབང་གི་ཚད་ཀྱང་ཧ་ཅང་གི་མཐོན་པོར་སླེབས་ཡོད་ཅེས་བརྗོད་ཆོག ཕྱོགས་གཅིག་ནས་སྨྲ་བརྗོད་རང་དབང་ཤོད་མཁན་གྱི་མི་སྣ་དང་སྲིད་གཞུང་ཁག་ཅིག་གིས་ཆེད་དུ་སྨྲ་བརྗོད་རང་དབང་འགོག་ཐབས་བྱེད་མཁན་ཡང་ཡོད། མདོར་ན་མིའི་སྤྱི་ཚོགས་སུ་སྨྲ་བརྗོད་རང་དབང་འགོག་མཁན་གཙོ་བོ་གཉིས་ཡོད་པ་ནི། ཆོས་ལུགས་ཐལ་ཞེན་རིང་ལུགས་པ་དང། སྲིད་དབང་སྒེར་གཅོད་རིང་ལུགས་པ་གཉིས་ཡིན། གཞན་ཡང་སྨྲ་བརྗོད་རང་དབང་འགོག་ཐབས་ཀྱི་ཆེད་དུ་འབད་བརྩོན་བྱེད་མཁན་མང་པོ་ཡོད་ཀྱང། དེ་ཙམ་གྱིས་ཤུགས་རྐྱེན་ཆེན་པོ་དང་རྒྱ་ཁྱབ་རང་བཞིན་ཅན་ཞིག་གཏན་ནས་མིན།

ཉེ་ཆར་ཧྥ་རན་སིའི་ཟུར་ཟའི་རི་མོའི་དུས་དེབ་ཁང་ཞིག་ལ་ཁ་ཆེ་འཇིགས་སྐུལ་བས་བཙན་འཛུལ་བྱས་ནས་མི་གསོད་ཁྲག་སྦྱོར་བྱས་པ་དེ་འཛམ་གླིང་གི་སྟེང་དུ་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང། དེ་ནི་སྨྲ་བརྗོད་རང་དབང་ལ་གཏོར་བཤིག་བཏང་བ་ཞིག་རེད་ཅེས་མི་སྣ་ཆེ་ཆུང་ཀུན་གྱིས་བརྗོད་བཞིན་པ་མ་ཟད། ཁ་ཆེའི་ཆོས་དཔོན་ཁག་ཅིག་གིས་ཀྱང་དེ་ཡག་པོ་མིན་པའི་བསམ་ཚུལ་བརྗོད་ཡོད། དོན་དམ་པར་འཇིགས་སྐུལ་དྲག་སྤྱོད་པས་མི་གསོད་ཁྲག་སྦྱོར་གྱི་ལས་ཀ་བྱས་པ་དེ་ཧ་ཅང་ནོར་འཁྲུལ་དང་སྡིག་ཉེས་ཚབས་ཆེན་ཞིག་ཏུ་གྱུར་ཡོད་པར་ངོས་འཛིན་བྱེད་སྟངས་གཅིག་གྱུར་བྱུང་ཞིང། དོན་དམ་པར་དུས་དེབ་ཁང་དེས་ཁ་ཆེའི་ཆོས་ལུགས་དང་འབྲེལ་བའི་ཟུར་ཟའི་རི་མོ་བཀོད་པ་ལ་བརྟེན་ནས་བྱུང་ཡོད་པ་དང། བྱ་སྤྱོད་དེ་ནི་སྨྲ་བརྗོད་རང་དབང་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཏུའང་གྱུར་ཡོད། འོན་ཀྱང་མི་སོ་སོའི་ངོས་ནས་མི་གཞན་དག་ལ་ཁ་རྡུང་གཏོང་རྒྱུ་ལས་སླ་ཡང། རང་ཉིད་དང་འབྲེལ་བའི་ཐོག་ནས་བསམ་བློ་བཏང་ན་ག་རེ་བྱེད་ས་རེད་དེའི་ཐོག་ལ་བསམ་བློ་གཏོང་དགོས་པ་གལ་ཆེ་སྙམ།

འཛམ་བུའི་གླིང་གི་ཁོར་ཡུག་འདིར་རང་ཉིད་ཆོས་ལུགས་དད་མོས་ཅན་ཞིག་ཡིན་ན་དེ་ལ་སྐུར་འདེབས་དང་སྐྱོན་བརྗོད་བྱས་ཚེ་ཁ་གཏད་མི་གཅོག་མཁན་དཀོན་ལ། དེའི་དོན་དུ་རང་སྲོག་འབེན་འཛུགས་བྱེད་མཁན་ཡང་ཧ་ཅང་མང་པོ་ཞིག་ཡོང་གི་ཡོད་པ་ནི་ཚང་མའི་ཤེས་གསལ་རེད། ང་ཚོ་བོད་པའི་སྤྱི་ཚོགས་ལ་མཚོན་ན་བདག་ཅག་གི་སྟོན་པ་དང་ཆོས་ལུགས་ལ་སྐུར་འདེབས་བྱས་ན་མི་དགའ་བ་སྨྲོས་མེད་དང། དེ་ལས་ཀྱང་རང་ཉིད་ཀྱི་ཆོས་བརྒྱུད་དེའི་སྲོལ་བཏོད་པ་དང་དེའི་བརྒྱུད་འཛིན། ཡང་དགོས་རང་ཉིད་དང་འབྲེལ་བ་ཡོད་པའི་བླ་ཆེན་དག་ལ་ཁ་བཏང་ན་ཐུབ་ས་ཞིག་ཡིན་ན་རྡུང་ངེས་པ་དང། ཆོག་ས་ཞིག་ཡིན་ན་ཁ་རྡུང་གཏོང་ངེས་རེད། ཁ་ཞེ་གཉིས་མེད་ཀྱི་དད་མོས་རིང་ལུགས་པ་ཞིག་ཡིན་ན་རང་ཉིད་ཀྱིས་དད་མོས་བྱེད་ཡུལ་ལ་གཞན་གྱིས་སྐུར་འདེབས་ཞུས་ན་རྒྱུ་མཚན་གང་ཡང་འགྲོ་ས་མེད་པར་རྒོལ་རྐྱང་བྱེད་ངེས་རེད། དཔེར་ན་ད་ལྟ་བོད་པའི་སྤྱི་ཚོགས་སུ་སྟོན་པ་ལ་ཁ་བཏང་བ་ལས་ཀྱང། རང་ཉིད་ཀྱི་འབྲེལ་ཡོད་བླ་མ་ལ་ཁ་བཏང་ན་ཁ་གཏད་གཅོག་མཁན་མང་བ་ཡོད་པ་ལྟ་བུ་རེད།

དེར་བརྟེན་གནས་ལུགས་དང་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་ཆོས་ལུགས་དད་པ་ཐལ་ཞེན་ཅན་གྱི་སྤྱི་ཚོགས་སུ་རང་བཞིན་གྱིས་སྨྲ་བརྗོད་རང་དབང་ལ་བཀག་སྡོམ་ཆེན་པོ་ཞིག་ཡོང་གི་ཡོད་པ་དང། དེ་ནི་སྤྱི་ཚོགས་ཁྱོན་ཡོངས་ནས་གཅིག་གྱུར་གྱིས་ངོས་འཛིན་བྱེད་སྟངས་ཤིག་ཏུ་གྱུར་ཟིན་པའི་རྗེས་སུ་གནས་སྟངས་དེ་ལ་རྒོལ་ཐུབ་མཁན་ཡང་ཧ་ཅང་དཀོན་པོར་གྱུར་ཡོད། དེ་བཞིན་གཅིག་སྡུད་ཀྱི་དབང་ཆ་འཛིན་མཁན་དཔོན་རིགས་དག་གི་ངོས་ནས་རང་ཉིད་ལ་འདོད་མོས་མེད་པའི་བསམ་ཚུལ་དག་སྤྱི་ཚོགས་ནང་ཁྱབ་མི་ཆོག་པ་བཟོ་བ་དང། དཔེར་ན་རྒྱ་ནག་གཞུང་དང་ལངས་ཕྱོགས་མི་མཐུན་པའི་བསམ་ཚུལ་འགྲོ་ས་གཏན་ནས་མེད་པར། ཕྱི་ཕྱོགས་ཀྱི་གནས་ཚུལ་ཁག་ལ་གཞུང་ངོས་ནས་བཀག་སྡོམ་ཆེན་པོ་བྱེད་བཞིན་པ་ལྟ་བུ་རེད། འདི་ལ་བརྟེན་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་སྨྲ་བརྗོད་རང་དབང་ལ་གཏོར་བཤིག་ཚད་མེད་གཏོང་གི་ཡོད་པ་དེ་གཉིས་ནི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་རྩོད་ལེན་བྱེད་མཁན་རྣམས་ཀྱི་ཁ་གཏད་ནུས་པ་ཆེ་ཤོས་སུ་གྱུར་ཡོད།

མང་གཙོའི་སྤྱི་ཚོགས་སུ་གལ་ཆེ་ཤོས་སྨྲ་བརྗོད་རང་དབང་ཡིན་པ་དང། འོས་བསྡུའི་ཐོབ་ཐང་སོགས་ཀྱང་སྨྲ་བརྗོད་རང་དབང་དང་བསྡུར་ན་གལ་ཆུང་ཆུང་རེད་ཅེས་བརྗོད་ཆོག གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཡོད་པ་ཙམ་གྱིས་ཡོད་ཚད་མི་འགྲིག་པར། སྨྲ་བརྗོད་རང་དབང་མེད་ན་རང་ཉིད་ཀྱིས་བདམས་པའི་དཔོན་རིགས་ལ་སྐྱོན་བརྗོད་བྱེད་མི་ཆོག་པ་དང། རང་ཉིད་འོས་འདེམས་བྱུང་བའི་དབང་དུ་བཏང་ཡང་བསམ་ཚུལ་ཐད་ཀར་བཤད་མི་ཆོག་ན། དེ་ནི་མང་གཙོའི་གཟུགས་བརྙན་ཙམ་ལས་མང་གཙོ་ངོ་མ་ཞིག་ཏུ་འགྱུར་བར་ད་དུང་ཐག་རིང་པོ་ཡོད། ཕྱོགས་གཅིག་ནས་སྨྲ་བརྗོད་རང་དབང་ཁ་ལ་ཁྱེར་ནས་གནས་ལུགས་དང་རྒྱུ་མཚན་གང་ཡང་མེད་པར་གཞན་ལ་ཁ་གཏོང་བ་དང། མིང་ཤས་ཆེད་བཟོ་བྱེད་པ་ལྟ་བུ་ནི་སྨྲ་བརྗོད་རང་དབང་གི་ཁྱབ་ཁོངས་སུ་གཏན་ནས་མི་འགྲོ་བར། དེ་ཡང་སྨྲ་བརྗོད་རང་དབང་བརྡལ་བཤིག་གཏོང་མཁན་གྱི་རིགས་གཅིག་ཏུ་གྱུར་ཡོད། དེར་བརྟེན་སྨྲ་བརྗོད་རང་དབང་དགོས་པ་དང། དེ་དང་མཉམ་དུ་གནས་ལུགས་དང་རྒྱུ་མཚན་ཡང་ཡོད་པ་ཞིག་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།