གདོང་ཐོག་སྤྲུལ་སྐུ་དགོངས་པ་རྫོགས་པ།
ཟླ་འདིའི་ཚེས་༡༣ ཉིན་གྱི་སྔ་དྲོ་མཁས་དབང་་གདོང་ཐོག་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་ཨ་རིའི་གྲོང་ཁྱེར་སེ་ཨེ་ཊར་གྱི་གཟིམ་ཤག་ནང་དགོངས་པ་རྫོགས་པ་དང་། ཟླ་འདིའི་ཚེས་༢༡ ཉིན་སྐུ་གདུང་ཞུགས་འབུལ་བྱེད་ཀྱི་ཡོད་པ་རེད།
ཟླ་འདིའི་ཚེས་༡༣ ཉིན་གྱི་སྔ་དྲོ་མཁས་དབང་་གདོང་ཐོག་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་ཨ་རིའི་གྲོང་ཁྱེར་སེ་ཨེ་ཊར་གྱི་གཟིམ་ཤག་ནང་དགོངས་པ་རྫོགས་པ་དང་། ཟླ་འདིའི་ཚེས་༢༡ ཉིན་སྐུ་གདུང་ཞུགས་འབུལ་བྱེད་ཀྱི་ཡོད་པ་རེད།
སྤྱི་འཐུས་དགེ་བཤེས་ཚེ་རིང་པོས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། གདོང་ཐོག་རིན་པོ་ཆེ་དགུང་གྲངས་༨༣ ཐོག་དགོངས་པ་རྫོགས་པ་དང་། ཨ་རིའི་གྲོང་ཁྱེར་སེ་ཨེ་ཊར་དུ་༸དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་༸གོང་མ་རིན་པོ་ཆེ་མཆོག་དང་། དགོན་པའི་མཁན་སྤྲུལ་སྟོན་འཁོར་རྣམས་ཞབས་སོར་འཁོད་གནང་མཛད་དེ་གདུང་མཆོད་ཕུལ་བ་དང་། དེ་བཞིན་དམ་པ་དེ་ཉིད་ཀྱི་གདན་ས་གདོང་དགོན་རིག་གྲོལ་ཕུན་ཚོགས་གླིང་དང་། ས་དགོན་ཁག་གིས་གདུང་མཆོད་ཕུལ་བཞིན་ཡོད་པ་རེད།
མཁས་དབང་གདོང་ཐོག་རིན་པོ་ཆེ་མཆོག་ནི། ཁམས་དཀར་མཛེས་སུ་ཡབ་རྡོ་རྗེ་དང་། ཡུམ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༣༣ ལོར་སྐུ་འཁྲུངས་ཤིང་། གདོང་ཐོག་དགོན་པར་ཁྲི་སྟོན་ཟབ་རྒྱས་གནང་རྗེས། རིམ་པས་གདན་ས་གཙང་ངོར་མཁན་པོ་ཁྲི་པའི་མདུན་ནས་གསང་ཆེན་ལམ་འབྲས་དང་། ངོར་པའི་བཤད་གྲྭ་ནས་སུམ་སྙན་དག་གསུམ་དང་གཞུང་ཆེན་ཁག་ལ་གསན་སྦྱོང་གནང་། ཁམས་རྫོང་སར་བཤད་གྲྭ་ནས་གཞུང་པོད་ཆེན་དྲུག་དང་། རིག་གནས་ཁག་གསན་བཞེས་མཐར་ཕྱིན་ཏེ་མཁས་པའི་རྩེར་སོན་པ་དང་། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་སྐུ་མདུན་ནས་སྒྲུབ་ཐབ་ཀུན་བཏུས་ཀྱི་མཚོན་སྔགས་སྐོར་རྒྱ་ཆེར་གསན་བཞེས་མཛད། ས་སྐྱའི་གདན་ས་འོག་མ་གཙང་རྩེ་གདོང་སྲིད་གསུམ་རྣམ་རྒྱལ་གླིང་ནས་ངོར་ཁང་གསར་མཁན་ཆེན་མདུན་གསང་ཆེན་ལམ་འབྲས་སློབ་བཤད་ཆེན་མོ་གསན་བསམ་གནང་། དེ་ནས་ཕྱི་ལོ་ ༡༩༥༧ ལོར་བཙན་བྱོལ་ལ་ཕེབས་ཏེ་ཧིནྡི་དང་དབྱིན་ཇི་སྐད་ཡིག་སློབ་གཉེར་མཛད། ལྡི་ལི་བོད་ཁང་ནང་ལོ་བཅུ་གཉིས་ལ་རྩོམ་སྒྲིག་པའི་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༩ ལོར་༸དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གིས་གདན་ཞུས་ལྟར་བྱང་ཨ་རིར་ཕེབས་པ་དང་ས་པཎ་བཤད་སྒྲུབ་གླིང་ཕྱག་བཏབ། བོད་ཀྱི་རྒྱལ་རབས་དང་། ས་སྐྱའི་ཆོས་འབྱུང་། དབྱིན་བོད་ཤན་སྦྱར་ཚིག་མཛོད། དབྱིན་བོད་ཀྱི་སྒྲ་གཞུང་ལ་སོགས་པ་གསུང་རྩོམ་མཛད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།