མིག་ལྟོས་སུ་གྱུར་པའི་རླབས་ཆེན་མི་སྣ།

སྤྱིར་བོད་པ་ཞིག་རང་ཉིད་དཔལ་འབྱོར་གྱི་ཐོག་ནས་ཆེན་པོར་གྱུར་ཟིན་པའི་རྗེས་སུ་བོད་ཀྱི་ཆོས་དང་རིག་གནས་མི་ཉམས་རྒྱུད་འཛིན་དང། བོད་མི་རིགས་ཀྱི་ངོ་བོ་མི་བརླགས་པའི་ཆེད་དུ་མཐུན་འགྱུར་གནང་མཁན་གྱི་རིགས་ནི་ཧ་ཅང་གི་གཟི་བརྗིད་ཆེན་པོ་དང་རླབས་ཆེན་གྱི་བྱ་གཞག་ཅིག་ཏུ་གྱུར་ཡོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༢༦  ཕྱི་ལོ་ ༢༠༡༤/༡/༢༡  

སྤྱིར་བོད་པ་ཞིག་རང་ཉིད་དཔལ་འབྱོར་གྱི་ཐོག་ནས་ཆེན་པོར་གྱུར་ཟིན་པའི་རྗེས་སུ་བོད་ཀྱི་ཆོས་དང་རིག་གནས་མི་ཉམས་རྒྱུད་འཛིན་དང། བོད་མི་རིགས་ཀྱི་ངོ་བོ་མི་བརླགས་པའི་ཆེད་དུ་མཐུན་འགྱུར་གནང་མཁན་གྱི་རིགས་ནི་ཧ་ཅང་གི་གཟི་བརྗིད་ཆེན་པོ་དང་རླབས་ཆེན་གྱི་བྱ་གཞག་ཅིག་ཏུ་གྱུར་ཡོད། དཔེར་ན་ཉེ་ཆར་ཨ་རིར་གནས་བཞུགས་གནང་མཁན་བོད་མོ་དཀྱུས་མ་ཞིག་གིས་རང་ཉིད་ཀྱི་རྒྱན་ཆ་བཙོང་ནས་བོད་ཕྲུག་གི་སློབ་ཡོན་གྱི་ཆེད་གཏོང་མཁན་ལྟ་བུ་བོད་པའི་སྤྱི་ཚོགས་ནང་མང་པོ་ཐོན་བཞིན་ཡོད་པ་ནི། བོད་མི་རིགས་དང་བོད་རྒྱལ་ཁབ་སླར་གསོའི་བྱ་གཞག་གི་ཐོག་ནས་བསམ་ན་རེ་བ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། དཔེར་ན་ཇུའུ་མི་རིགས་ཀྱི་ནང་དུ་དཔལ་འབྱོར་ཡག་པོ་ཡོད་མཁན་མང་པོ་ཡོད་པ་བཞིན། རང་མི་རིགས་ཀྱི་ཆེད་དུ་འགྲོ་སོང་གཏོང་བར་ཕངས་སེམས་མེད་མཁན་མང་པོ་ཡོད་པས་ཇུའུ་མི་རིགས་དེ་ཉིད་འཛམ་བུའི་གླིང་འདིར་ད་བར་གསོན་གནས་ཐུབ་པ་བྱུང་བ་རེད།

དཔེར་ན་བསྟན་པའི་སྦྱིན་བདག་ཆེན་པོ་དར་ཐང་སྤྲུལ་སྐུ་ཀུན་དགའ་རིན་པོ་ཆེས། སྔ་འགྱུར་རྙིང་མ་པའི་སྨོན་ལམ་ཆེན་མོའི་སྦྱིན་བདག་གཙོ་བོ་གནང་ནས་ད་བར་འགྲོ་སོང་ཨ་སྒོར་དུང་ཕྱུར་ཙམ་བཏང་ཡོད་འདུག་ལ། དེ་བཞིན་བཀའ་བརྒྱུད་དང། ས་སྐྱ། དགེ་ལུགས་བཅས་ལའང་སྨོན་ལམ་ཆེན་མོའི་གཏན་རྩ་གནང་བ་སོགས་རིས་མེད་བསྟན་པའི་སྦྱིན་བདག་ཆེན་པོ་ཞིག་ཡིན། བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་ཙམ་དུ་མ་ཟད་པར་གནས་བརྟན་སྡེ་པའི་ལུགས་ཀྱི་དགེ་འདུན་པ་རྣམས་ལ་བསྙེན་བཀུར་དང། རྡོར་གདན་དང་ཝར་ཎ་བཅས་སུ་སྨོན་ལམ་ཆེན་མོ་དེ་འདྲ་སྔ་རྗེས་སུ་གོ་སྒྲིག་གནང་གི་ཡོད་པ་རེད། བཀའ་འགྱུར་དང་བསྟན་འགྱུར་གྱིས་གཙོས་རིས་མེད་ཀྱི་གསུང་རབ་གང་མང་ཞིག་དཔར་སྐྲུན་གྱིས་རིན་མེད་ཆོས་སྦྱིན་དུ་སྤེལ་ནས་བོད་ཕྱི་ནང་གང་སར་གསུང་རབ་དཀོན་པའི་དཀའ་ངལ་དེ་ཡོངས་སུ་སེལ་ཟིན་པ་སོགས། ཁོང་ནི་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་ཐོག་ནས་མཁས་པ་ཆེན་པོ་ཞིག་དང། ཉམས་ལེན་པ་ཞིག་ཡིན་པ་ཙམ་དུ་མ་ཟད། གཏོང་ཕོད་འགྲན་ཟླ་དང་བྲལ་བའི་རིས་མེད་བསྟན་པའི་སྦྱིན་བདག་ཆེན་པོ་ཞིག་ཏུའང་གྱུར་ཡོད་པ་རེད།
ད་ལྟའི་དུས་འདིར་ཆོས་དང་རིག་གནས་རྒྱུད་འཛིན་གྱི་ཐོག་ནས་དང། བོད་མི་རིགས་ཀྱི་ངོ་བོ་མ་བརླགས་པར་གསོན་ཐུབ་པའི་ཆེད་དུ་འཐབ་རྩོད་ཀྱི་ངོ་བོའི་ཐོག་ནས་ཀྱང་ལས་འགུལ་འདི་ཉིད་གལ་ཆེ་ཤོས་སུ་གྱུར་ཡོད། མི་རིགས་གཞན་དང་རྒྱལ་ཁབ་གཞན་ཞིག་ལ་རེ་བ་བརྒྱབ་པ་ཙམ་མ་ཡིན་པར། བོད་པ་རང་ངོས་ནས་དཔལ་འབྱོར་ཡོད་མཁན་གྱི་དཔལ་འབྱོར་བཏང། ནུས་ཤུགས་ཡོད་མཁན་གྱི་ནུས་ཤུགས་བཏོན། ཤེས་ཡོན་ཡོད་མཁན་གྱི་བསམ་བློ་བཏང་ནས་འབད་བརྩོན་བྱས་ན་ཆོས་དང་རིག་གནས་རྒྱུད་འཛིན་ཐུབ་ངེས་ཡིན། མི་རིགས་གཞན་ཞིག་གི་ངོས་ནས་རོགས་རམ་ཙམ་ལས། བོད་པ་རང་ངོས་ནས་སེམས་ཤུགས་དང་དོ་སྣང་གང་ཡང་མེད་པར་གྱུར་ཟིན་པའི་རྗེས་སུ་རང་མི་རིགས་ཀྱི་སེམས་ཤུགས་དང་ལ་རྒྱ་ཁ་ནས་ཅི་ཙམ་བཤད་ཀྱང་ཕན་ཐོགས་གང་ཡང་མེད་པར་གྱུར་ཟིན། དེར་བརྟེན་དོན་དམ་པར་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཀྱི་ཐོག་ལ་ཕན་པ་ངོ་མ་ཞིག་སྒྲུབ་འདོད་ན་བྱེད་ཐབས་འདི་ཉིད་ནི་མཆོག་ཏུ་གྱུར་པ་ཞིག་ཡིན།

སྤྱིར་ད་ལྟའི་དུས་འདིར་བོད་པ་སྤྱི་ཡོངས་ཀྱི་ངོས་ནས་བཤད་ན་དཔལ་འབྱོར་འཚོལ་སྒྲུབ་གང་ཐུབ་བྱ་རྒྱུ་ལས། ཕར་འགྲོ་སོང་གཏོང་རྒྱུའི་བསམ་བློ་གཏོང་མཁན་ནི་ཧ་ཅང་དཀོན་པ་དང། ཤེས་ཡོན་ཆེ་ཆུང་གང་ཡོད་ཀྱང་དེ་ལ་བརྟེན་ནས་འཚོ་ཐབས་དང་ནུས་པ་འདོན་རྒྱུའི་བསམ་བློ་མེད་པར། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་ནས་ཟ་ཁང་སོགས་སུ་ལས་རིགས་ཙག་ཙིག་རེ་གཉེར་རྒྱུའི་བསམ་བློ་གཏོང་མཁན་མང་པོ་ཡོད་པ་ནི། ཕུགས་རྒྱང་རིང་པོའི་ཐོག་ནས་བསམ་བློ་བཏང་ན་བོད་མི་རིགས་ཉམས་ཉེས་སུ་འགྱུར་བའི་རྒྱུ་རྐྱེན་ཆེ་ཤོས་སུ་གྱུར་ཡོད། དེ་ཙམ་དུ་མ་ཟད་ཁ་ནས་བོད་ཀྱི་ཆོས་དང་རིག་གནས་ཞེས་བརྗོད་པ་དང། རྒྱ་གཞུང་གིས་བོད་པའི་ཆོས་དང་རིག་གནས་གཏོར་བཤིག་གཏོང་གི་ཡོད་པའི་སྐྱོན་བརྗོད་བར་མ་ཆད་དུ་བྱེད་ཀྱང། རང་ཉིད་ཀྱི་བུ་ཕྲུག་དགོན་སྡེ་ཁག་ཏུ་སྐྱེལ་མཁན་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཧ་ཅང་དཀོན་པ་དང། ད་ལྟའི་ཆར་གལ་སྲིད་བུ་ཕྲུག་ཅིག་དགོན་སྡེ་གང་ཞིག་ཏུ་སྐྱེལ་བཞིན་ཡོད་ན་སློབ་གྲྭར་མཐའ་མ་འཁྱོལ་བའམ། ཡང་ན་དབང་པོ་གང་ཞིག་ཐང་ཐང་མེད་པར་ངོས་འཛིན་མི་བྱེད་ཀ་མེད་དུ་གྱུར་ཡོད།

གནས་སྟངས་འདི་ལྟ་བུའི་འོག་ནས་ཆོས་དང་རིག་གནས་རྒྱུད་འཛིན་བྱེད་མཁན་ཞིག་ཐོན་མི་ཐུབ་པ་ནི་ཧ་ཅང་གསལ་པོར་གྱུར་ཟིན། དེར་བརྟེན་བོད་ཕྱི་ནང་གང་དུ་བཞུགས་པའི་བོད་མི་སུ་ཡིན་ནའང། གཟུགས་པོ་རྙིང་པ་ལ་སེམས་ཤུགས་དང་ཕུགས་བསམ་གྱི་གཟུངས་གཞུག་གསར་པ་ཞིག་འཇུག་པར་འབད་བརྩོན་བྱེད་མ་ཐུབ་ན། བོད་མི་རིགས་ཞེས་པ་ས་སྒང་ཧྲིལ་པོ་འདིའི་སྟེང་ནས་རྩ་མེད་དུ་འགྱུར་རྒྱུར་བར་ཐག་རིང་པོ་གང་ཡང་ལྷག་མེད། ད་ལྟའི་ཆར་ཤུགས་བརྒྱབ་ན་སྐྱོབ་མི་ཐུབ་པའི་གནས་སུ་གྱུར་མེད་པས་བོད་མི་རིགས་གསོན་དང་གནས་ཀྱི་གནས་སྟངས་ལ་བསམ་བློ་མ་བཏང་ན། མི་རིགས་ཀྱི་ལ་རྒྱ་དང། ཆོས་དང་རིག་གནས་སྲུང་སྐྱོབ་ཅེས་མ་ཎི་བགྲང་བགྲང་བྱས་པ་ཙམ་གྱིས་ཕན་ཐོགས་ཏིལ་འབྲུ་ཙམ་ཡང་མེད་པ་ཁ་ཚོན་བཅད་ནས་བཤད་ཐུབ། དེར་བརྟེན་གོང་གསལ་དཔེ་མཚོན་མི་སྣ་ཁག་དང་དེ་ལྟ་བུའི་བོད་མི་དག་ནི་བོད་མི་ཡོངས་ཀྱི་མིག་དཔེ་འབའ་ཞིག་ཏུ་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།