རྒྱ་གར་སྲིད་བློན་གྱི་གཙང་བཟོའི་ལས་འགུལ་ནང་མཉམ་ཞུགས་དགོས་རེད།
རྒྱ་གར་གྱི་རྩ་ཁྲིམས་གཏན་འབེབས་དང་མང་གཙོའི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་༦༦ འཁོར་བའི་དུས་ཆེན་ཉིན་དྷ་སར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ། ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
རྒྱ་གར་གྱི་རྩ་ཁྲིམས་གཏན་འབེབས་དང་མང་གཙོའི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་༦༦ འཁོར་བའི་དུས་ཆེན་ཉིན་དྷ་སར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ། ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༢༦ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭའི་ནང་དུ་རྒྱ་གར་གྱི་མང་གཙོའི་དུས་ཆེན་སྲུང་བརྩིའི་ཆེད་དུ། མི་མང་འདུ་འཛོམས་བྱུང་བ་དང་། བོད་ཀྱི་གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་དགོས་དོན་སྐོར་གསུང་དོན། “སྲིན་བློན་ན་རིན་ཌ་མོ་ཏུ་ཡིས་ཁོར་ཡུག་གཙང་བཟོའི་ལས་འགུལ་དེ་འགོ་བཙུགས་པ་དང་། ལས་འགུལ་དེའི་ནང་རྒྱ་གར་རྒྱལ་ཡོངས་ནང་མི་མང་མཉམ་བཞུགས་བྱེད་ཀྱི་ཡོད་པ་རེད། དུས་རྒྱུན་ང་ཚོའི་རྒྱ་གར་བཀའ་དྲིན་ཆེན་པོ་རེད་ཟེར་གྱི་ཡོད་པ་རེད། ཁ་ནས་ཐུགས་རྗེ་ཆེ་ཙམ་མ་ཡིན་པར་སྲིད་བློན་གྱི་ལས་འགུལ་དེའི་ནང་བོད་པ་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་པོ་རེད། དེ་དང་མཉམ་དུ་ཁོར་ཡུག་གཙང་མ་དགོས་པའི་གོ་རྟོགས་སྤེལ་རྒྱུ་དང་། འཕྲོད་བསྟེན་ལ་ཕན་ཐོགས་ཡོང་གི་རེད། ང་ཚོས་དུས་རྒྱུན་ཞོགས་པ་ནས་སོ་སོའི་ནང་གཙང་མ་བཟོ་ཡི་ཡོད་པ་རེད། དེ་དང་མཉམ་དུ་གད་སྙིག་གཙང་མ་བཟོས་སྟེ། ཁོར་ཡུག་ཡག་པོ་ཡོང་ཐབས་དགོས་རེད། གཞོན་ལྷན་གྱི་ལས་འགུལ་འདི་ཡང་ཆབ་སྲིད་དེ་འདྲ་གང་ཡང་མ་ཡིན་པས། བོད་མི་ཚང་མཉམ་ཞུགས་བྱེད་རོགས་”ཞེས་གསུངས་ཡོད་པ་རེད།
ཉིན་དེའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་གྱི་སྐུ་ཚབ་ཉི་མ་རྒྱལ་མཚན་གྱིས་ཁོར་ཡུག་གཙང་བཟོ་གལ་ཆེན་ཡིན་སྐོར་གསུང་དོན། “གཞོན་ལྷན་གྱི་གོ་སྒྲིག་འོག ཁོར་ཡུག་གཙང་བཟོས་ལས་འགུལ་འདི་རྒྱ་གར་གྱི་སྲིད་བློན་གྱི་གསར་གཏོད་ལས་གཞི་ལ་རྒྱབ་སྐྱོར་གྱི་ཆེད་དང་། ཁོར་ཡུག་གཙང་བཟོའི་ནང་བོད་མི་ཚོ་མཉམ་ཞུགས་ཡོང་ཆེད་དུ་རེད་འདུག གད་སྙིག་དེ་ཚོ་ཡག་པོ་གཡུག་ནས་ན་ཚ་མི་ཡོང་ལ་ཕན་ཐོགས་ཀྱི་རེད་ལ། མི་རེ་རེ་བཞིན་དུ་འགན་ཁུར་དགོས་པ་དང་། ཕྲུ་གུ་ཆུང་ཆུང་ཚོར་ཁོར་ཡུག་གཙང་མ་ཉར་དགོས་པའི་གོམས་གཤིས་འཇགས་ཐབས་དགོས་པ་རེད། སོ་སོའི་གཡས་གཡོན་དེ་སོ་སོས་གཙང་མ་བྱས་ན། ཁོར་ཡུག་རྩོག་པ་ཆགས་ཀྱི་མ་རེད། དམིགས་བསལ་དྷ་སར་ས་ཆ་གལ་ཆེན་དུ་བརྩི་ཡོད་རེད་ལ། ༧གོང་ས་མཆོག་གི་བཞུགས་གནས་རེད། ༧གོང་ས་མཆོག་གིས་ཁོར་ཡུག་སྐོར་ལ་བཀའ་སློབ་མང་པོ་གནང་གི་ཡོད་པ་དང་། འདིར་ས་ཕྱོགས་གང་ས་ནས་མི་མང་པོ་ཡོང་མཁན་ཡོད་པས། ཁོང་ཚོས་བོད་པའི་སྡོད་སའི་ཁོར་ཡུག་གཙང་མ་ཡོད་པ་མཐོང་ཐབས་དགོས་རེད། ལས་གཞི་དེ་ཆབ་སྲིད་དེ་འདྲ་མ་ཡིན་པར་འགྲོ་བ་མིའི་བདེ་སྡུག་ཆེད་དུ་ཡིན་པས། གཞོན་ལྷན་ལ་བསྔགས་བརྗོད་དང་མི་མང་མཉམ་ཞུགས་གནང་རོགས། མ་འོངས་པ་ཡང་དེ་བཞིན་ལས་འགུལ་སྤེལ་དགོས་པ་རེད་”ཅེས་གསུངས་ཡོད་པ་རེད།།
དེ་རྗེས་སེར་མི་མང་དེར་འཛོམས་པ་ཚོར་ས་ཆ་ཆ་བགོས་བྱས་ཏེ། ཁོར་ཡུག་གཙང་བཟོ་བྱས་ཡོད་པ་དང་། རྒྱ་གར་ནང་དུ་གཞོན་ལྷན་གྱི་ས་གནས་རྒྱུན་ལས་ཡོད་ས་ཚང་མར་ལས་འགུལ་དེ་སྤེལ་གྱི་ཡོད་འདུག
གསར་འགོད་པ་ཆོས་ཉིད་འོད་ཟེར།