རྫོང་སར་མཁྱེན་བརྩེས་ཚུལ་ཁྲིམས་བློ་གྲོས་གླེང་བ།
རྩ་བའི་ཆ་ནས་ང་དེ་རིང་(2015/1/22)འདིར་སུ་ཞིག་གིས་སྐད་བཏང་ནས་ཡོང་བ་མ་ཡིན་པར་དང་བླངས་ཀྱིས་ཆོག་མཆན་ཞུས་ཏེ་ཡོང་བ་ཡིན། རྒྱུ་མཚན་དེས། ངས་གཙོ་སྒྲུབ་ལས་ཁུངས་ལ་ཡང་ང་ལ་སྐད་ཆ་ཁ་ཤས་བཤད་རྒྱུའི་གོ་སྐབས་གནང་བ་འདིར་བཀའ་དྲིན་ཆེ་ཞུ།
–———སའི་གོ་ལ་འདིའི་ཐོག་ཏུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཁོང་ལྟ་བུ་ཞིག་བཞུགས་པ་ནི་ང་ཚོ་ལ་རེ་བ་ཆེན་པོ་ཞིག་བྱིན་པ་རེད།
(2015/1/27) རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།
རྩ་བའི་ཆ་ནས་ང་དེ་རིང་(2015/1/22)འདིར་སུ་ཞིག་གིས་སྐད་བཏང་ནས་ཡོང་བ་མ་ཡིན་པར་དང་བླངས་ཀྱིས་ཆོག་མཆན་ཞུས་ཏེ་ཡོང་བ་ཡིན། རྒྱུ་མཚན་དེས། ངས་གཙོ་སྒྲུབ་ལས་ཁུངས་ལ་ཡང་ང་ལ་སྐད་ཆ་ཁ་ཤས་བཤད་རྒྱུའི་གོ་སྐབས་གནང་བ་འདིར་བཀའ་དྲིན་ཆེ་ཞུ།
དོན་དངོས་ཐོག ང་ནི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་འོས་སྦྱོར་ཞུ་མཁན་ལ་འཚམས་པའི་མི་སྣ་ཞིག་མ་རེད། ལར་མཁན་རིན་པོ་ཆེ་ནི་ངོས་སྦྱོར་དགོས་པའི་མི་དེ་འདྲ་གཏན་ནས་མ་རེད། ཁོང་ལ་མཚོན་ན་རང་ཉིད་གང་ཡིན་པ་དེ་རང་ཉིད་ཀྱིས་མཚོན་གྱི་ཡོད་པ་རེད། གལ་ཏེ་ངོ་སྤྲོད་བྱེད་མཁན་ཞིག་དགོས་པའི་དབང་དུ་བཏང་ན་ཡང་འ་འུར་ཚ་བོ་དང་རང་རློམ་ཆེན་པོ(DOGGY)ཅན་གྱི་མི་ང་ལྟ་བུ་ཞིག་ཡོང་ནས་ངོས་སྦྱོར་ཞུ་རྒྱུ་མ་རེད།
མི་མང་པོ་ཞིག་གིས་ང་ནི། ལུས་ལ་ཁ་དོག་འདྲ་མིན་གྱི་གོན་པ་གྱོན་ནས། མི་སྣ་འདྲ་མི་འདྲ་དེ་ཚོ་དང་མཉམ་དུ་བག་མེད་རྒྱས་སྤྲོས་བྱེད་ཀྱི་ཡོད་པ་མཐོང་གིན་ཡོད།
འོན་ཀྱང་ང་རང་འགུལ་གྱི་སྒོ་ནས་དེ་རིང་གི་ལས་ཀ་འདི་བྱེད་པར་རྒྱུ་མཚན་ཡོད། ད་ལྟ་སྙིགས་མའི་དུས་འདིར་སངས་རྒྱས་ཀྱི་འོད་སྣང་མག་མོག་ཏུ་འགྱུར་འགོ་བརྩམས་ཤིང་། བསྟན་པའི་བརྗིད་ཁོག་ཀྱང་མི་མང་པོ་ཞིག་གིས་མྱོང་ཚོར་མི་ཐུབ་པར་གྱུར།
ལར་སངས་རྒྱས་ཀྱིས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་གསུངས་མྱོང་ན་ཡང་། གཤིས་དངོས་པོའི་གནས་ལུགས་ཀྱི་བསྟན་པ་ངོ་མ་དེ་སྤྱིར་བཏང་གི་མིས་རྟོགས་ཐབས་མེད་ཅིང་། ཡིག་ཐོག་ཏུ་ཡོད་པའི་སངས་རྒྱས་ཀྱི་གསུང་རབ་དག་ནི་ང་ཚོར་ལྟོས་ན་ཤིན་ཏུ་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་པས་སྒྱིད་ལུགས་ཆེ་བའི་ང་ཚོས་དེར་རྒྱུས་ལོན་དང་སློབ་སྦྱོང་བྱེད་མོས་ཀྱི་མེད།
སྤྱིར་བཏང་ཆོས་ལ་རྟོན་པ་ལས་གང་ཟག་ལ་རྟོན་མི་འོས་པ་ཞིག་ཡིན་ན་ཡང་། གང་ལྟར་ཡང་། མི་ཞིག་ཡིན་ཕྱིན་ཆད། མཐོང་རྒྱུ་རིག་རྒྱུ་ཡོད་པའི་མི་ལྟ་བུ་ཞིག་དད་གུས་ཀྱི་ཡུལ་དང་སློབ་སྦྱོང་གི་མིག་དཔེར་དགོས་ཀྱི་ཡོད་པ་རེད། རྒྱུ་མཚན་དེའི་དབང་གིས་མཚན་ལྡན་གྱི་བླ་མ་རྣམ་པ་དང་བསམ་བློའི་ལམ་མཁན་དག་ཆེས་གལ་ཆེན་ཆགས་ཡོད།
དེང་གི་སྤྱི་ཚོགས་འདིར། བླ་མ་དང་སྐྱེ་སྤྲུལ་སོགས་ཀྱིས་ང་ཚོར་ཕོངས་པ་མེད་པ་ཙམ་དུ་མ་ཟད། འདི་རིགས་ང་ཚོས་བེད་སྤྱོད་བྱེད་མྱོང་བའི་གཙང་ཤོག་ལས་ཀྱང་མོད། བླ་མའི་ཡང་སྲིད་ལ་མཚོན་ན་དངོས་གནས་ཧ་ཅང་མང་པོ་རེད། དེང་སང་གི་དུས་འདི་ནི་ཐ་ན་ལོ་ན་ཧ་ཅང་ཆུང་བའི་ཕྲུ་གུ་ཞིག་ལ་ཡང་ཆོས་ཀྱི་རྒྱལ་པོ་ཞེས་པའི་མཚན་བྱང་ཐོགས་ཀྱི་ཡོད་པའི་དུས་རབས་ཤིག་རེད། འོན་ཀྱང་།དངོས་གནས་དྲང་གནས་ཀྱིས བསྟན་པ་འཛིན་མཁན་གྱི་མི་ནི་ཧ་ཅང་དཀོན་པ་ཉིན་མོའི་སྐར་མ་ལྟ་བུ་རེད་ལ། གང་ཡོད་པ་དག་གི་ནང་དུ་ཡང་ཆེམ་ཆེམ་དུ་འཕྲོ་ཐུབ་པའི་འོད་སྣང་དེ་བས་ཀྱང་ཉུང་།
སངས་རྒྱས་ཀྱིས། རྟོགས་པ་ཐོབ་པའི་གང་ཟག་ཁོ་ནས་སུ་ཞིག་རྟོགས་པ་ཐོབ་པའི་གང་ཟག་ཡིན་པར་ཁ་ཚོན་གཅོད་ཐུབ་པར་གསུངས་པ་ལྟར། ངས་སུ་དང་གང་ཞིག་རྟོགས་པ་ཕུལ་དུ་ཕྱིན་པའི་མི་ཡིན་པ་ལབ་མི་ཐུབ།
འོན་ཀྱང་། དུས་རབས་འདིར་ཡང་ད་དུང་ང་ཚོ་མང་པོ་ཞིག་སངས་རྒྱས་ཀྱི་བསྟན་པའི་ཉམས་ལེན་ལ་སྤྲོ་སྣང་ཡོད་པ་དང་། དང་འདོད་དེས་རང་བཞིན་ཤུགས་ཀྱིས་ནང་བསྟན་དར་སྤེལ་མཁན་གྱི་མི་ཡང་ཤིན་ཏུ་གལ་ཆེན་དུ་གྱུར་ཡོད།
གོང་དུ་བཤད་པ་བཞིན། མ་གཞི་ངའི་འཚོ་བ་རོལ་སྟངས་ནི་མདོག་དབྱིབས་སྣ་ཚོགས་ཅན་ཞིག་ཡིན་ཞིང་། འ་འུར་ཚ་བོ་དང་རང་རློམ་བྱེད་རྒྱུར་དགའ་པོ་ཡོད་པ་ཞིག་ཡིན། འོན་ཀྱང་ང་ལ་ཕལ་ཆེར་ཁ་ཕོ་བྱས་ནས་ལབ་ན་མ་འགྲིག་པ་མེད་པའི་དོན་དག་གཅིག་ནི། ངས་ང་ཚོས་སངས་རྒྱས་ཀྱི་བསྟན་པའི་འཚོ་གནས་ཀྱི་ཆེད་དུ་སེམས་ཁུལ་ངེས་པར་བྱེད་དགོས་པ་དེ་ཤེས་ཀྱིན་ཡོད། དེ་ལྟ་བུའི་སེམས་ཁྲལ་དང་སེམས་ཁུལ་དེ་ནི་རྒྱུ་མཚན་ཡོད་པ་ཞིག་ཡིན། དངོས་གནས་བྱས་ན། ང་ཚོ་ཧ་ཅང་བློ་གཡེང་དང་འཇིགས་སྐྲག་སྐྱེ་དགོས་པ་ཞིག་ཆགས་ཡོད།
ཡིན་དང་ཡིན། ང་ལ་བསམ་བློ་འདི་འདྲ་ཞིག་ཡོད་པ་ཙམ་འདི་ཡང་ཚང་མ་ངའི་རླབས་ཆེན་གྱི་རྩ་བའི་བླ་མ་དེ་དག་གི་བྱིན་རླབས་རེད། ཁོང་རྣམ་པས་དུས་ཚོད་དང་སེམས་ཤུགས་ཤིན་ཏུ་མང་པོ་སྤྱད་དེ་སངས་རྒྱས་ཀྱི་བསྟན་པའི་འཚོ་གནས་ཆེད་ཐུགས་ཁྲལ་གནང་བ་དང་། དགེ་རྒན་དེ་དག་གིས་བྱིན་རླབས་དང་ལམ་སྟོན་འོག་ངས་ཀྱང་རང་ཉིད་ཀྱི་རང་གི་དགོན་པ་དང་། ཡང་ན་བོད་བརྒྱུད་ནང་བསྟན་ཙམ་ཁོ་ན་ལ་སེམས་ཁུར་བྱས་ཏེ་བསྡད་ན་འགྲིག་རྒྱུ་མིན་པའི་བསླབ་བྱ་ཐོབ་ཡོད།
ངས་འཇར་པན་གྱི་ཀྲིན་ཡན་(真言宗)ཆོས་བརྒྱུད་ལ་སེམས་ཁུར་བྱེད་ཀྱི་ཡོད་ལ། ཤྲི་ལངྐའི་གནས་བརྟན་སྡེ་པ་དག་གིས་མཚོན་པའི་ནང་པ་ཡོངས་ཀྱི་འཚོ་གནས་ལ་སེམས་ཁུར་བྱེད་ཀྱི་ཡོད། མ་གཞི་ང་རྟག་པར་འདི་རིགས་ལ་སེམས་ཁུར་བྱས་ཏེ་བསྡད་མེད་ན་ཡང་། སྐབས་སྐབས་དེའི་ཕྱོགས་ལ་དངོས་གནས་བསམ་བློ་ཡང་ཡང་གཏོང་ཤོར་གྱི་ཡོད། མདོར་ན་ངས་རྟག་པར་གཞན་གྱིས་སེམས་ཁུར་བྱེད་ཀྱི་མེད་པའི་ཕྱོགས་འདི་དག་ལ་སེམས་ཁུར་བྱེད་ཀྱི་ཡོད།
བླ་མ་འགའ་ཞིག དབུ་སྐྲ་སེ་ཡོ་རེ་བར་གྱུར་ཅིང་། ཞལ་རིས་ཡོངས་སུ་གཉེར་མས་ཁེངས་ན་ཡང་། ཁོང་ཚོ་ད་དུང་ཐུགས་ཁྲལ་གང་ཡང་མེད་པ་ལྟར་བཞུགས་འདུག གལ་ཏེ་ཐུགས་ཁྲལ་ཞིག་གནང་བའི་དབང་དུ་བཏང་ཡང་། ཁོང་ཚོས་ཐུགས་ཁྲལ་གནང་ས་དེ་རང་རང་གི་དགོན་པའམ། དེ་ལས་རྒྱ་ཆེ་ན་ཡང་རང་རང་གི་ཆོས་བརྒྱུད་ཙམ་ཞིག་རེད། དེས་ན་ངས་བརྗོད་འདོད་པ་ནི། ང་ཚོའི་སའི་གོ་ལ་འདིའི་ཐོག་ཏུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཁོང་ལྟ་བུ་ཞིག་བཞུགས་པ་ནི་ང་ཚོ་ལ་རེ་བ་ཆེན་པོ་ཞིག་བྱིན་པ་རེད། ཁོང་གི་ལག་ལེན་ནི་ཁ་བཤད་ལས་བརྒལ་ཟིན་པ་ཞིག་རེད།
ཁྱེད་རྣམ་པས་ནན་ཏན་བྱས་ནས་མཁྱེན་དགོས་པ་ཞིག་ལ། ང་ནི་དག་སྣང་གཏན་ནས་མི་ཤེས་མཁན་ཞིག་དང་། རྒྱུན་དུ་མི་ལ་སྐྱོན་བརྗོད་ཁོ་ན་བྱས་ནས་སྡོད་མཁན། དེ་ལས་ཀྱང་ང་རྒྱལ་ཆེན་པོ་ཡོད་མཁན་གྱི་མི་ཞིག་ཡིན་པས། དེ་འདྲའི་མི་ཞིག་གི་ཁ་ནས་ཐོན་པའི་སྐད་ཆ་ཡིན་ན་སྐད་ཆ་དེ་དོན་སྙིང་ཆེན་པོ་ཡོད་པ་ཞིག་ཏུ་བརྩིས་ན་འགྲིག
ངས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་རྟག་པར་བརྟག་དཔྱད་བྱེད་ཀྱི་ཡོད། ངས་མཁན་རིན་པོ་ཆེའི་མདུན་ནས་ཆོས་འབྲེལ་ཐོབ་མ་མྱོང་། ཁོང་གིས་གསུང་འོད་སྡེར་དང་སྒྲ་འཇུག་དེ་འདྲ་མཉན་རྒྱུའི་ཚོད་ལྟ་བྱས་པ་ཡིན་ཏེ། མཐར་ངས་ཉན་རྒྱུ་བསྐྱུར་བ་ཡིན། རྒྱུ་མཚན་ཁོང་གི་ཡུལ་སྐད་ཀྱི་སྒྲ་གདངས་དེ་ང་ལ་ལྟོས་ན་ཧ་ཅང་འཁྲེགས་དྲགས་འདུག དེ་མིན་ཁོང་གི་དེབ་འགའ་རེ་བམ་ཀློག་ཙམ་བྱེད་མྱོང་ཡོད། འོན་ཀྱང་། འདི་ཚང་མ་ངས་ཁོང་ངོས་སྦྱོར་བྱེད་དགོས་པའི་རྒྱུ་མཚན་ངོ་མ་དེ་མིན། ངས་བསམ་ན། ཁོང་ནི་བླ་མ་ཁོ་ན་ཞིག་ཡིན་པ་ཙམ་མིན་པར་། དེ་ལས་ཀྱང་གལ་ཆེ་བ་ནི་ཚད་དང་ལྡན་པའི་མིག་དཔེ་ཞིག་ཡིན་པ་དེ་རེད།
དགེ་རྒན་ཚང་མ་ལ་སོ་སོར་དགེ་རྒན་རེ་དགོས་ཀྱི་ཡོད། མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་མཚོན་ན་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ལྟ་བུའི་ཆེས་རླབས་ཆེན་གྱི་དགེ་རྒན་ཞིག་གི་དུས་ཡུན་རིང་པོའི་གསོ་སྐྱོང་ཐོབ་ཡོད། ཁྱེད་ཚོ་མང་པོ་ཞིག་གིས་མཁྱེན་གསལ་ལྟར། མཁན་ཆེན་མཆོག་ད་ལྟ་བླ་རུང་ནང་བསྟན་སློབ་གླིང་གི་གདན་ས་སྐྱོང་མཁན་གྱི་གལ་ཆེའི་གཙོ་འགན་མི་སྣ་ཞིག་རེད། བླ་རུང་སྒར་གྱིས་ངའི་སེམས་ངོས་སུ་བཞག་པའི་བག་ཆགས་ནི། ས་ཕྱོགས་དེར་གྲངས་ཀ་ཧ་ཅང་མང་བའི་དགེ་འདུན་པ་དང་བཙུན་མ་ཡོད་པ་རྒྱུ་མཚན་མ་རེད།
ངས་ནམ་རྒྱུན་ཁོང་ཚོས་ལས་ཀ་གང་བྱེད་ཀྱི་ཡོད་པ་དང་། ལས་དོན་གྱི་གྲུབ་འབྲས་ཅི་འདྲ་ཞིག་སོན་གྱི་ཡོད་པའི་ཕྱོགས་ལ་བརྟག་དཔྱད་བྱས་པ་ཡིན། ད་དུང་ཁོང་ཚོས་སྒོར་མོ་ཇི་ལྟར་བྱེད་སྤྱོད་གཏོང་བ་དང་། འགྲོ་སོང་གཏོང་ཡུལ་གང་ཡིན་ལ་ཡང་བརྟག་དཔྱད་བྱས་པར་མ་ཟད། སྒྲིག་འཛུགས་འདིས་ཀླད་པ་སྟོང་པ་སྟོང་རྐྱང་ཡིན་པའི་ཤེས་ཡོན་པ་ཙམ་ཞིག་བསྐྱེད་སྲིང་བྱེད་ཀྱི་འདུག་གམ། ཡང་ན་ཡང་དག་པའི་ཉམས་ལེན་པ་གསོ་སྐྱོང་བྱེད་ཀྱི་འདུག་ཅེས་བརྟག་དཔྱད་བྱས་པ་ཡིན།
དེ་རིང་མཁན་ཆེན་མཆོག་ང་ཚོའི་མདུན་འདིར་བཞུགས་ཡོད་ཅིང་། ཁོང་ནི་མིང་དང་སྙན་གྲགས་ཆེན་པོ་ཡོད་པའི་ཁྱིམ་རྒྱུད་ཀྱི་རྗེས་རབས་པ་ཞིག་མ་རེད། ཁོང་ནི་ཧ་ཅང་གལ་ཆེན་ནམ་ཡང་ན་གོ་གནས་མཐོན་པོ་ཡོད་པའི་བླ་མ་ཞིག་གི་དབོན་པོའམ་ཉེ་འབྲེལ་ཡང་མ་རེད། དེ་ལས་ཀྱང་ཁོང་ལ་ཆོས་ཀྱི་རྒྱལ་པོ་ཞེས་པའི་གོ་མིང་མེད་པ་རེད།
ངས་ད་དུང་བརྗོད་འདོད་པ་ཞིག་ལ། ཐའེ་ཝན་དང་ཧོང་ཀོང་། སེང་ག་པུར་སོགས་ལ་མཚོན་ན་མཁན་ཆེན་མཆོག་གིས་རྒྱ་ཡིག་གི་ལམ་ནས་བཀའ་ཆོས་གནང་ཐུབ་ཀྱི་ཡོད་པ་འདི་ནི་ཧ་ཅང་གཅེས་སུ་རུང་བའི་དོན་དག་ཅིག་རེད། སྤྱིར་བཏང་། དེང་སྐབས་ནང་བསྟན་ནུབ་ཕྱོགས་སུ་མགྱོགས་མྱུར་ངང་མཚར་ལོང་འབྱུང་བཞིན་ཡོད་ན་ཡང་།ངས་བསམ་ན། ང་ཚོའི་མི་ཚེ་འདིར་ཨ་རི་དང་ཡོ་རོབ་ལྟ་བུའི་ནུབ་ཕྱོགས་སྤྱི་ཚོགས་ཀྱི་ཆོས་ལུགས་ཀྱི་ཁྲོད་ནང་ཆོས་འདི་བསྡུར་ཚད་ཧ་ཅང་མཐོན་པོ་ཞིག་ལ་སླེབས་པའི་སྔོན་རྟགས་མཐོང་གི་མི་འདུག
རྒྱ་གར་ནི་སངས་རྒྱས་ཀྱི་འཁྲུངས་ཡུལ་ཡིན་ན་ཡང་། ནང་པའི་བསྟན་པ་དར་སྤེལ་བྱེད་པར་དཀའ་ངལ་ཤིན་ཏུ་མང་པོ་ཡོད་པ་ཞིག་རེད། དེ་ལས་རྒྱ་མི་རིགས་ཀྱི་འདས་པའི་དུས་ཀྱི་དཔལ་ཡོན་དར་འཕེལ་གྱི་ལོ་རྒྱུས་ཁྲོད། ནང་པའི་བསྟན་པ་དར་རྒྱས་ཆེན་པོ་བྱུང་ཞིང་། དེས་རྒྱ་མི་རིགས་ཀྱི་ལེགས་བྱང་ཁྲོད་བྱས་རྗེས་ཆེན་པོ་བཞག་མྱོང་བ་བཞིན། འབྱུང་འགྱུར་གྱི་ཆར་ཡང་། རྒྱ་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་དུ་ནང་བསྟན་འདིས་གལ་ཆེའི་ནུས་པ་འདོན་རྒྱུ་ཡིན་པའི་ཡིད་ཆེས་ཡོད།
རྒྱུ་མཚན་འདི་དག་གིས། རྒྱའི་སྐད་ཡིག་གི་ཁྱབ་ཁོངས་སུ་གཏོགས་པའི་མི་དག་ལ་མཚོན་ན་འདི་ལྟར་མཁན་རིན་པོ་ཆེ་དང་ཐད་ཀར་སྦྲེལ་ཐུབ་པ་དེ་ནི་ཧ་ཅང་གཅེས་སུ་འོས་པའི་གོ་སྐབས་ཤིག་རེད། དེས་ན་ངས་ཀྱང་མཁན་རིན་པོ་ཆེ་ལ་ཁྱེད་ཀྱི་སྐུ་གཟུགས་ལ་ཐུགས་གཅགས་གནང་རྒྱུ་དང་། སྐུ་ཚེ་རིང་ཞིང་བདེ་ཐང་དང་ལྡན་པར་གསོལ་བ་འདེབས་རྒྱུར་མ་ཟད། ནམ་རྒྱུན་མར་བཞེས་རྒྱུ་ཉུང་ཙམ་གནང་རོགས་ཞེས་ཞུ་འདོད་བྱུང་།
ཐ་མ་འདིར་ངས་ལས་རིམ་འདི་ལ་མཇུག་སྡོམ་བྱེད་རྒྱུ་ཡིན་ཞིང་། ངས་མཁན་རིན་པོ་ཆེ་ལ་ལག་རྟགས་ཤིག་འབུལ་རྒྱུ་ཡིན། ངའི་བཏགས་མིང་ལ་ཨོའུ་པི་ཝང་ཁིན་ནོ་པི་ཟེར་ཞིང་((obi wan•kenobiགཟའ་སྐར་གྱི་གཡུལ་འགྱེད་ཅེས་པའི་གློག་བརྙན་ནང་གི་མི་སྣ་ཞིག) ངས་ད་ལྟ་མཁན་རིན་པོ་ཆེ་སྟེགས་བུའི་ཐོག་ཏུ་ཕེབས་རོགས་ཞུ་རྒྱུ་ཡིན། ངའི་རེ་བར་མཚམས་འདི་ནས་ང་ཚོ་ཚང་མ་མཉམ་ཞུགས་ཀྱིས་མཁན་པོ་མཆོག་དང་གཉུག་མའི་ནུས་ཤུགས་(原力གཉུག་ནུས་ནི་གཟའ་སྐར་གྱི་གཡུལ་འགྱེད་ཅེས་པའི་ནང་གི་(激光劍)སྐུལ་འོད་རལ་གྲིས་མཚོན་པའི་ནུས་པའི་ཁྱད་མིང་)འབྲལ་མེད་དུ་མཆིས་པར་སྨོན།
མཁན་རིན་པོ་ཆེའི་བཀའ་ཆོས་བོད་ཡིག་ཐོག་སྐད་སྒྱུར་གནང་གི་མེད་པས་མཚམས་འདི་ནས་ང་ཕྱི་ལ་ཐོན་ཆོག་པ་ཞུ།
རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཉིན་དེའི་ཕྱི་ཉིན་ཡུལ་ངོས་སྐད་སྒྱུར་མཁན་གྱི་རྒྱ་སྐད་ཡི་གེར་ཕབ་པ་ཉིད་གཞིར་བཞག་གིས་སྒྱུར་བ་ཉིད། སླར་ཡང་ཚད་ལྡན་ཕུགས་ཕེལ་ཡོང་ཆེད་རང་སློབ་རྒྱ་དབྱིན་སྐད་གཉིས་སྨྲ་བའི་འབུམ་རམས་པ་དགེ་བསྙན་ཡེ་ལགས་ལ་མཁྱེན་བརྩེ་རིན་པོ་ཆེའི་གསུང་དབྱིན་སྐད་ཉིད་རྒྱ་ཡིག་ཏུ་བསྒྱུར་དུ་བཅུག་པའི་དཔེ་གཞི་རྩར་གཟུང་སྟེ་གཏན་ལ་ཕབ།།