རྒྱ་གར་གྱི་ཟུར་ཟ་རི་མོ་བ་གྲགས་ཅན་ཞིག་འདས་གྲོངས།
རྒྱ་གར་མང་གཙོོའི་དུས་དྲན་ཉིན་སྟེ། ཕྱི་ཟླ་༡ ཚེས་༢༦ ཉིན་གྱི་དགོང་མོ་རྒྱ་གར་གྱི་ཟུར་ཟའི་རི་མོ་བ་གྲགས་ཅན་ ཨཱར་ ཀེ་ ལག་ཤི་མན་རྒྱ་གར་མངའ་སྡེ་མཱ་ཧ་ར་ཤི་ཏ་རའི་གྲོང་ཁྱེར་པཱུ་ནའི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་ཕྱིན་ཡོད་འདུག
རྒྱ་གར་མང་གཙོོའི་དུས་དྲན་ཉིན་སྟེ། ཕྱི་ཟླ་༡ ཚེས་༢༦ ཉིན་གྱི་དགོང་མོ་རྒྱ་གར་གྱི་ཟུར་ཟའི་རི་མོ་བ་གྲགས་ཅན་ ཨཱར་ ཀེ་ ལག་ཤི་མན་རྒྱ་གར་མངའ་སྡེ་མཱ་ཧ་ར་ཤི་ཏ་རའི་གྲོང་ཁྱེར་པཱུ་ནའི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་ཕྱིན་ཡོད་འདུག
ཁོང་དགུང་ལོ་༩༣ཡིན་པ་དང་། ཨཱར་ ཀེ་ ལག་ཤི་མན་(R K Laxman)ནི་རྒྱ་གར་གྱི་ཟུར་ཟའི་རི་མོ་བ་སྙན་གྲགས་ཆེ་ཤོས་ཡིན་པ་དང་། པདྨ་ བྷུ་ཤན་། པདྨ་ ཝཱི་བྷུ་ཤན་དང་། མཱག་ས་ས་ཡེ་ལ་སོགས་པའི་མི་སེར་གྱི་བྱ་དགའ་ཐོབ་མྱོང་ཡོད་པའི་མི་སྣ་ཞིག་ཀྱང་ཡིན་པ་རེད།
ཁོང་གིས་ལོ་ངོ་༥༠ ལྷག་རིང་ཟུར་ཟའི་རི་མོ་བརྒྱུད་མི་མང་ལ་ཆབ་སྲིད་དང་མང་གཙོ་སོགས་ཀྱི་གནད་དོན་མང་པོ་ཞིག་གི་ཐོག་གོ་རྟོགས་སྤེལ་ཡོད་པའི་ཚགས་པར་ཀློག་མཁན་མང་པོས་ཡིད་མོས་དང་ཆ་འཇོག་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
ཨཱར་ཀེ་ལག་ཤི་མན་ནི་༡༩༢༡ ལོར་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མཱ་ཡི་སོར་དུ་འཁྲུངས་ཤིང་། ཆུང་དུས་ནས་རི་མོ་ལ་དགའ་པོ་ཡོད་པ་དང་། རྒྱ་གར་མཱེ་སོར་གཙུག་ལག་སློབ་གཉེར་ཁང་ཆེན་མོ་ནས་རིག་གནས་རམ་འབྱམས་པ་ཐོན་རྗེས། ས་གནས་ཀྱི་ཚགས་པར་འདྲ་མིན་ནང་ཞོར་ལས་བྱས། ༡༩༤༠ ལོའི་ནང་མཱུམ་བྷ་ཡི་གྲོང་ཁྱེར་དུ་སླེབས་ཏེ་གསར་འགོད་རང་དབང་ཞེས་པའི་ཚགས་པར་ནང་ཆབ་སྲིད་ཐོག་ཟུར་ཟའི་རི་མོ་བྲིས། ཕྱིས་སུ་ཕྱི་ལོ་༡༩༤༧ ལོར་རྒྱ་གར་གྱི་ཚགས་པར་ཁྱབ་ཆེ་ཤོས་རྒྱ་གར་གྱི་དུས་བབ་ནང་ལས་འགོ་བཙུགས་སྟེ། ལོ་ངོ་༥༠ ལྷག་རིང་ཟུར་ཟའི་རི་མོ་བྲིས་ཡོད་པ་རེད།
དམིགས་གསལ་ཁོང་གིས་༡༩༥༧ ལོར་གསར་བསྐྲུན་བྱས་པའི་ “ཁྱེད་ཀྱི་བཤད་པ་དེ་བདེན་པ་རེད་འདུག་”ཅེས་པའི་འགོ་བརྗོད་འོག་མི་དཀྱུས་མ་མཚོན་པའི་རི་མོ་དེས་རྒྱ་གར་གྱི་ཆབ་སྲིད་པ་དང་སྲིད་གཞུང་འོག་རྒྱ་གར་མི་དཀྱུས་མའི་མི་ཚེའི་ནང་གི་དཀའ་ངལ་དང་དགའ་སྤྲོ་ལ་སོགས་པའི་ཚོར་སྣང་རྣམས་མཚོན་གྱི་ཡོད་པས། མི་མང་རྒན་གཞོན་བར་གསུམ་གྱིས་དགའ་ཞེན་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཁ་ཤས་ཀྱིས་ཁོང་གི་བྲིས་པའི་ཟུར་ཟའི་རི་མོ་ཁོ་ནའི་ཆེད་དུའང་ཚགས་པར་ཉོ་ཡི་ཡོད་པ་དང་། ༢༠༡༠ ལོར་ནད་གཞིའི་རྐྱེན་གྱིས་སྐད་ཆ་ཤོད་མ་ཐུབ་པར། ད་བར་རྒྱ་གར་གྲོང་ཁྱེར་པཱུ་ནེར་དུ་བསྡད་པ་དང་། ཉིན་ཤས་སྔོན་སྨན་ཁང་དུ་བསྐྱལ་ཏེ་ཟླ་འདིའི་ཕྱི་ཚེས་༢༦ཉིན་འདས་གྲོངས་སུ་ཕྱིན་ཡོད་འདུག
སྲིད་བློན་མོ་ཌི་ཡིས་ཁོང་ལ། “ཁྱེད་རང་མི་མང་གི་དྲན་གྱི་རེད་ལ། ཁྱེད་ཀྱིས་མི་མང་ནང་འཛུམ་མདངས་ཤིག་ཁྱེར་ཡོང་བར་ཐུགས་རྗེ་ཆེ་”ཞེས་མྱ་ངན་གྱི་འཕྲིན་ཐུང་གནང་ཡོད་པ་རེད། འདས་པོ་ཁོང་གི་སྤུན་མཆེད་རྒན་པ་ཨར་ཀེ་ན་ར་ཡན་ནི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པ་རེད།།
གསར་འགོད་པ་བསྟན་འཛིན་དགའ་འཕེལ།