བོད་མདོ་སྨད་མཛོད་དགེ་རྫོང་གི་འབྲོག་པའི་ཞུ་གཏུག་ངོ་རྒོལ་ལས་འགུལ།
རྒྱ་ནག་སི་ཁྲོན་ཞིང་ཆེན་མི་མང་འཐུས་མི་ཚོགས་ཆེན་དང་སི་ཁྲོན་ཞིང་ཆེན་གྱི་ཆབ་སྲིད་གྲོས་ཚོགས་གཉིས་འཚོག་བཞིན་པའི་སྐབས་འདིར། རྒྱ་གཞུང་གིས་བོད་ས་དབང་བསྒྱུར་བྱས་རྗེས། ས་ཆ་བཅད་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་བོད་མདོ་སྨད་རྔ་པ་ཁུལ། མཛོད་དགེ་རྫོང་གི་འབྲོག་པ་ཁག་ཅིག་གིས་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་སྐབས། ཁོང་ཚོ་བཙན་ཁྲིད་བྱས་ཡོད་འདུག

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སླེབས་པ་ལྟར་ན། ཟླ་འདིའི་ཚེས་༢༨ ཉིན་སི་ཁྲོན་ཞིང་ཆེན་མི་མང་འཐུས་མི་ཚོགས་ཆེན་འཚོག་པའི་སྐབས་དེར། བོད་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་འབྲོག་མང་གི་འཐུས་ཚབ་བཅུ་ཡིས་ཀྱང་། “སྲོག་ལ་བབ་ཀྱང་ས་ཆ་སྲུང་སྐྱོབ་བྱ་རྒྱུ་ཡིན། ཁྲིམས་འགལ་གྱིས་ས་ཆ་འཕྲོག་པར་ངོ་རྒོལ་བྱ་རྒྱུ་ཡིན།” “ས་ཆ་བཙན་འཕྲོག་བྱས་པས་ང་ཚོ་རང་ཁྱིམ་ལ་ལོག་ས་མེད།”ཞེས་བྲིས་ཡོད་པའི་འཕྲེད་དར་སྒྲེང་སྟེ་ཞུ་གཏུག་གི་ཁྲོམ་སྐོར་བྱས་ཡོད་པ་རེད།
སྐབས་དེར་བོད་མི་ཚོས་ཞུ་གཏུག་ཀྱི་གོམ་བགྲོད་བྱས་མ་ཐག རྒྱ་ནག་གི་ཉེན་རྟོག་པ་ལྔ་བཅུ་ཙམ་འབྱོར་ཏེ་བོད་མི་རྣམས་སྤྱི་སྤྱོད་རླངས་འཁོར་ཞིག་གི་ནང་བཅུག་སྟེ། བཙན་ཁྲིད་བྱས་ཡོད་འདུག ལོ་ལྔ་ལྷག་གི་གོང་ལ་མཛོད་དགེ་ཐང་སྐོར་གྱི་རུ་ཁག་གཉིས་པའི་འབྲོག་ས་རུ་གཞུང་གི་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་བཤད་དེ་ས་ཆ་བཙན་འཕྲོག་བྱེད་པ་དང་། དེའི་རྗེས་ལོ་མང་པོའི་རིང་ས་གནས་འབྲོག་པ་ཚོས་མཛོད་དགེ་རྫོང་ཐོག་ལ་སོང་ནས་ཞུ་གཏུག་བྱས་ཀྱང་འགན་ལེན་དང་ཐག་གཅོད་བྱེད་མཁན་གང་ཡང་མ་བྱུང་བས། ཐེངས་འདིར་འབྲོག་སྡེ་དེའི་སྐུ་ཚབ་འཐུས་མི་བཅུ་ལྷག་ཁྲིན་ཏུའུ་གྲོང་ཁྱེར་དུ་ཞུ་གཏུག་ཆེད་དུ་བསྐྱོད་པ་ཞིག་ཡིན་པ་དང་། ཁོང་ཚོ་བཙན་ཁྲིད་བྱས་པའི་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་མེད་པ་དང་། ས་གནས་དེར་རྒྱ་ནག་གཞུང་གིས་ཉེན་རྟོག་པ་སྒྲིག་ཆས་གྱོན་ཡོད་མེད་གཉིས་ཀ་འགྲེམས་འཇོག་བྱས་ཡོད་པའི་གནས་ཚུལ་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།